ཡེས་སྦིས་ལབ་རྩ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ ཉིན་མའི་ལྟོ་ཟ་བའི་བསྒང་།

སློབ་གྲྭ་ཚུ་ནང་ བཟའ་སྤྱོད་ལས་རིམ་ རྫོང་ཁག་རེ་ནང་ སློབ་གྲྭ་རེ་སྦེ་ འགོ་བཙུགས་ནི།

༉ གཞུང་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ བཟའ་སྤྱོད་ལས་རིམ་དེ་ཡང་ དུས་ཅི་ལས་ མོ་བཏབ་བཟུམ་ཅིག་སྦེ་ རྫོང་ཁག་རེ་ནང་ སློབ་གྲྭ་རེ་སྦེ་ འགོ་བཙུགས་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ ཟླ་རིམ་གྱི་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ བཤད་པའི་ཁར་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ལེགས་ཤོམ་འགྱོ་བ་ཅིན་ སྤྱི་ལོ་༢༠༢༡ ནང་འཁོད་ལུ་ སློབ་གྲྭ་ག་རའི་ནང་ བཞེས་སྒོ་ཚུ་ ཁྱབ་ཚུགསཔ་བཟོ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གིས་ བཟའ་སྤྱོད་ལས་རིམ་ ལེན་མི་དེ་ཡང་ སློབ་གྲྭའི་བཟའ་སྤྱོད་ ལས་རིམ་མང་ཤོས་ར་ གཞུང་ལས་ རྒྱབ་སྐྱོར་གནང་སྟེ་ཡོདཔ་བཞིན་དུ་ སློབ་གྲྭ་ལ་ལོ་ཅིག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ བཞེས་སྒོ་བྱིན་ཏེ་ཡོད་མི་དེ་ སྤྱི་ལོ་༢༠༡༨ མཇུག་བསྡུ་མི་ལུ་བརྟེན་ཨིན་ཟེར་ སོ་ནམ་བློན་པོ་གིས་ བཤད་ཅི།
སློབ་གྲྭ་ཚུ་ནང་ ཟས་བཅུད་དང་ལྡན་སྦེ་ བཞེས་སྒོ་བྱིན་ཐབས་ལུ་ ནང་འཁོད་ལས་ཐོན་པའི་ སོ་ནམ་དང་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ བྱིན་ནིའི་དོན་ལས་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ ལཱ་འབད་ནི་སྦེ་ བཟོ་སྟེ་ཡོད་ཟེར་ སོ་ནམ་བློན་པོ་གིས་ བཤད་པའི་ཁར་ སློབ་གྲྭའི་བཟའ་སྤྱོད་ཀྱི་དོན་ལུ་ ལས་བྱེད་ཚོང་ཆུང་ཅིག་ གཞི་བཙུགས་འབད་མི་གིས་ ལཱ་ཚུ་མཇུག་བསྡུ་ཞིནམ་ལས་ ལྷན་ཁག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ གསལ་ཞུ་ཐོག་ལས་ ཆ་འཇོག་གནང་ཡི་ཟེར་ བཤད་ཅི།
སོ་ནམ་ཐོན་སྐྱེད་ཀྱི་ཐད་ལུ་ སོ་ནམ་པ་ངོ་རྐྱང་དང་ ན་གཞོན་མཉམ་འབྲེལ་ཚུ་ གཞི་བཙུགས་འབད་ནི་ཨིནམ་ད་ སློབ་གྲྭ་ནང་ བཟའ་སྤྱོད་བགོ་བཀྲམ་དེ་ཡང་ སོ་ནམ་འཕྲུལ་ཆས་ལས་འཛིན་དང་ སྒོ་ནོར་ཐོན་སྐྱེད་ལས་འཛིན་ དེ་ལས་ འབྲུག་བཟའ་སྤྱོད་ལས་འཛིན་ཚུ་གིས་ ལྷན་ཐབས་འབད་འོང་ཟེར་ སོ་ནམ་བློན་པོ་གིས་ བཤད་ཅི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ལོ་བསྟར་བཞིན་དུ་ ཆུམ་རྐྱངམ་གཅིག་ ནང་འདྲེན་འབད་བའི་སྐབས་ དངུལ་ཀྲམ་ཐེར་འབུམ་༥.༤ དེ་ཅིག་ ཟད་འགྲོ་གནས་པའི་ཁར་ ཚོད་བསྲེ་ནང་ དངུལ་ཀྲམ་ཐེར་འབུམ་༢.༤ དེ་ཅིག་ འགྱོཝ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ཟད་འགྲོ་བཏང་མི་ མ་དངུལ་ཚུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ནང་འཁོད་ལུ་ ག་དེ་སྦེ་ བཞག་ཐབས་འབད་ནི་ཨིན་ན་ རྩིས་རྐྱབ་དོ་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ འབྲུག་ལུ་ ཐོན་སྐྱེད་འབད་མ་ཚུགས་མི་ དཔེར་ན་ གུ་རམ་དང་ ཚྭ་མ་གཏོགས་ ཐོན་སྐྱེད་གཞན་ཚུ་ ནང་འདྲེན་མི་འབད་ནི་གི་ འོས་འབབ་ཚུ་ བལྟ་དགོཔ་སྦེ་ སོ་ནམ་ལྷན་ཁག་ལུ་ སླབ་སྟེ་ཡོད་ཟེར་གསུངས་ཡི།
ལས་རིམ་དེ་ཡང་ ཟས་བཅུད་ཀྱི་ སྲིད་བྱུས་ལུ་ གཞི་བཞག་སྟེ་ བཞག་དགོཔ་ལས་ སོ་ནམ་ལྷན་ཁག་རྐྱངམ་གཅིག་གིས་ ལས་འགུལ་བརྩམ་མ་ཆོག་པའི་ཁར་ སློབ་གྲྭའི་བཟའ་སྤྱོད་ལས་རིམ་གྱིས་ ཨ་ལོ་ཚུ་ལུ་ ཁོང་གི་བློ་འདོད་དང་འཁྲིལ་ཏེ་ བྱིན་ནི་གི་ ལས་རིམ་བཟོ་མ་ཆོགཔ་ལས་ ག་ར་རིམ་སྒྲིག་འབད་དེ་ འོང་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སོ་ནམ་ལས་སྡེ་ནང་ ལཱ་གཡོག་དེ་ བརྒྱ་ཆ་༣.༥ དང་ སོ་ནམ་དང་འབྲེལ་བའི་ ཚོང་འབྲེལ་བརྒྱ་ཆ་༢.༥ ལས་བརྒལ་མེད་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ སོ་ནམ་ལུ་བརྟེན་སྡོད་མི་ བརྒྱ་ཆ་༥༨ ཡོདཔ་ལས་ ནང་འཁོད་ཀྱི་ ཐོན་སྐྱེད་མངམ་ བཟོ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ལུ་ བཞེས་སྒོ་བྱིན་ནི་གི་ ལཱ་འབད་མི་ལུ་ སྟབས་མ་བདེཝ་མེདཔ་ལས་ བཞེས་སྒོའི་མང་ཉུང་གི་ཚབ་ལུ་ སྤུས་ཚད་ཅན་གྱི་ བཟའ་སྤྱོད་ཚུ་ བྱིན་ནི་ལུ་ བལྟ་དགོཔ་འདུག་ཟེར་ཨིན་པས།
སློབ་གྲྭའི་བཟའ་སྤྱོད་ལས་རིམ་ནང་ མ་དངུལ་ས་ཡ་༢༠༠ དེ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།
འབྲུག་འགྲེམ་རང་སྐྱོང་ལས་འཛིན་གྱིས་ ཡི་གུ་ཚུ་རྐྱངམ་གཅིག་ ཕར་ཚུར་སྐྱེལ་ནི་མེན་པར་ བཞེས་སྒོའི་ཐོན་སྐྱེད་ཚུ་ སྐྱེལ་འདྲེན་འབད་དགོཔ་མ་ཚད་ ནང་འདྲེན་བཀག་ཐབས་འབད་ནིའི་ཚབ་ལུ་ ཐབས་ལམ་གཞན་ཚུ་ བལྟ་དོ་ཟེར་ གསུངས་ཡི།
གཞུང་གིས་ སློབ་ཕྲུག་རེ་ལུ་ ལྟོ་ཕོགས་དངུལ་ཀྲམ་༢,༠༤༠ རེ་ ཡར་སེང་འབད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༧ པ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ གྲོང་གསེབ་སློབ་གྲྭ་༡༨༡ གི་ སློབ་ཕྲུག་༣༡,༤༦༠ དེ་ཅིག་གིས་ སློབ་གྲྭ་ནང་ལས་ ཉིན་བསྟར་ལྟོ་དུས་འཕོ་༡ དང་༢ འཐོབ་ཚུགས་ནི་ཨིནམ་བཞིན་དུ་ ཨ་ལོ་ཚུ་ལུ་ ཟས་བཅུད་ལྡན་པའི་ བཞེས་སྒོ་བྱིན་ནིའི་ ལས་རིམ་དེ་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཅིག་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *