སློབ་གྲྭ་ནང་ ཆང་བཀྲམ་བཏོན་དང་ ཏ་སི་རྩེད་བའི་ཁ་ཉེས།

༉ བསམ་རྩེ་བསྟན་འབྲུག་རྒེད་འོག་གི་ རྒཔོ་གིས་ མཛར་ཅུམ་ཟ་བའི་སྐབས་ སློབ་གྲྭའི་ས་ཁོངས་ནང་ ཆང་ལ་སོགས་པ་ཚུ་ བཏོན་ཡོད་པའི་ཁར་ སློབ་སྟོན་ཁང་མིག་ཅིག་ནང་ ཏ་སི་རྩེད་ཡོད་པའི་ ཁ་ཉེས་བཀལ་མི་ལུ་ བཀྲིས་ཆོས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སྲིབ་སུ་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ནིའི་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡ ལུ་ བསྟན་འབྲུག་རྒེད་འོག་ ཀ་ཅིན་མི་སྡེ་སློབ་གྲྭའི་ ས་ཁོངས་ནང་སྦེ་ མཛར་ཅུམ་ཟ་བའི་སྐབས་ བྱུང་ཡོདཔ་ད་ དེ་གི་སྐོར་ལས་ བསྟན་འབྲུག་གི་རྒཔོ་བགྲེསཔ་ པདྨ་དབང་ཕྱུག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་རྒཔོ་གིས་ མཛར་ཅུམ་བཟའ་ནིའི་དོན་ལུ་ མི་ཚུ་ལས་ དངུལ་ཀྲམ་༥༠༠ རེ་ བསྡུ་ལེན་འབད་ནུག་ཟེར་ཨིནམ་ད་ མཛར་ཅུམ་གྱི་སྐབས་ སློབ་གྲྭའི་ས་ཁོངས་ནང་ ཆང་ལ་སོགས་པ་ཚུ་ བཏོན་ཡོདཔ་མ་ཚད་ སློབ་སྟོན་ཁང་མིག་ཅིག་ནང་ ཏ་སི་རྩེད་ཡོདཔ་ལས་ བྱ་སྤྱོད་ངན་པ་འབད་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་གིས་ སློབ་གྲྭའི་ས་ཁོངས་ནང་ ཆང་འཐུང་ནི་དང་ ཏ་སི་ལ་སོགས་པ་ཚུ་ རྩེད་སར་མཐོང་པ་ཅིན་ ཁྲིམས་འགལ་ཨིན་མི་ལུ་བརྟེན་ ཁྲིམས་ཕོག་ནི་ཨིནམ་ལས་ མ་རྩེད་ཟེར་སླབ་ནིའི་ འགན་ཁུར་ཕོག་ནི་ཨིན་རུང་ གནད་དོན་དེ་ནང་ རྒཔོ་ཁོ་ར་ཡང་ འབྲེལ་གཏོགས་འབད་དེ་ རྩེད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་ མི་ཚུ་གིས་ བློ་གཏད་དེ་ བཙག་འཐུ་འབད་ནི་དེ་གིས་ དཔེ་བལྟ་ས་ཅིག་སྦེ་ སྡོད་དགོཔ་ཨིན་རུང་ འགོ་ཁྲིདཔ་ཚུ་གིས་ དེ་བཟུམ་མའི་ ལཱ་ངན་ཚུ་ནང་ འབྲེལ་གཏོགས་འབད་བ་ཅིན་ མི་ཚུ་གིས་ ག་ལུ་དཔེ་བལྟ་ནི་སྨོ་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཧེ་མ་ལས་ ལོ་རྒྱུས་གོ་ཡོད་རུང་ སྒྲུབ་བྱེད་ཐོབ་མ་ཚུགས་མི་ལུ་བརྟེན་ སྙན་ཞུ་འབད་མ་ཚུགས་ཟེར་ཨིནམ་ད་ ཤུལ་ལས་ སྒྲུབ་བྱེད་ཁ་གསལ་སྦེ་ ཐོབ་ཚུགས་ནི་དེ་གིས་ སྤྱི་ཟླ་༣ པའི་ཚེས་༢ ལུ་ བཀྲིས་ཆོས་གླིང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དེ་ཡང་ ཁྲིམས་ལུ་རྒྱབ་སྐྱོར་ཞུ་ནི་དང་ ཤུལ་ལས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ཡང་ དེ་བཟུམ་མའི་ བྱ་སྤྱོད་ངན་པ་ དར་ཁྱབ་མི་འགྱོ་ག་མནོ་བའི་ ཚ་གྱང་ཡོད་པའི་ཁར་ ལཱ་ངན་འཐབ་ས་དེ་ སློབ་གྲྭ་ནང་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྒྲུབ་བྱེད་ནང་ ལྟ་བའི་སྐབས་ ཏ་སི་རྩེད་སར་ རྒྱ་གར་གྱི་རུ་པི་༢,༠༠༠ དང་ དངུལ་ཀྲམ་༣,༠༠༠ དེ་ཅིག་ བར་ན་བཙུགས་ནུག་ཟེར་ཨིནམ་ད་ སློབ་སྟོན་ཁང་མིག་ནང་ ཆང་བི་ཡར་ཚུ་ཡང་ བཞག་ཡོདན་མ་ཚད་ སློབ་གྲྭ་ནང་ སློབ་ཕྲུག་མེད་རུང་ ཏ་སི་རྩེད་སའི་ ས་གོ་མེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒཔོ་གིས་ སློབ་གྲྭའི་ས་ཁོངས་ནང་ བྱ་སྤྱོད་ངན་པ་འབད་མི་དེ་ ད་རེས་འབདཝ་ད་ ཐེངས་༢ པ་ཨིན་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༧ ལུ་ བསྟན་འབྲུག་སློབ་གྲྭའི་ས་ཁོངས་ནང་ ཆང་བཙོང་ཡོདཔ་མ་ཚད་ ཕྱི་ཁར་ཏམ་ཁུ་ལ་སོགས་པ་ཚུ་ བཙོང་ས་དང་ ཞབས་ཁྲ་རྐྱབ་ས་ཡང་ བཟོ་ཡི་ཟེར་ཨིན་པས།
བསྟན་འབྲུག་རྒཔོ་ ཉི་མ་འབྲུག་པ་གིས་ སླབ་མིའི་ནང་ མི་ཚུ་ལས་ ཏི་རུ་བསྡུ་བསྡུཝ་མེན་པར་ ཁོང་རའི་ ཁས་བླངས་ཐོག་ལས་ བྱིན་ནི་དེ་གིས་ མཛར་ཅུམ་ཟ་ཡི་ཟེར་ཨིནམ་ད་ དེ་བསྒང་ སྤྲོ་སྟོན་གྱི་དོན་ལུ་རྐྱངམ་གཅིག་ ཏ་སི་རྩེད་ཡོདཔ་མ་གཏོགས་ བྱ་སྤྱོད་ངན་པ་ཚུ་ ག་ནི་ཡང་ མ་འབད་ཟེར་ཨིན་པས།
བཀྲིས་ཆོས་གླིང་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྙན་ཞུ་འབད་མི་ཚུ་གིས་ པར་བརྙན་གྱི་ སྒྲུབ་བྱེད་ཚུ་ འབག་འོང་ནི་དེ་གིས་ ཞིབ་དཔྱད་འབད་དགོཔ་ ལེ་ཤ་མ་ཐོནམ་ལས་ བཤེར་ཡིག་ཚུ་ གྲ་སྒྲིག་འབད་དེ་ མགྱོགས་པ་ར་ སྲིབ་སུ་ཁྲིམས་ཀྱི་འདུན་སར་ བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *