སློབ་གྲྭ་དྲག་ཤོས་ཀྱི་ བརྟག་ཞིབ་ནང་ ཁེ་ཕན་ལྟག་སྤྲོད་མེདཔ་ཨིན་ན?

༉ དུས་ཅི་ལས་ ཤེས་རིག་ལྷན་ཁག་གིས་ སློབ་རིམ་༣ པ་དང་༦ པ་ དེ་ལས་༡༠ པ་དང་༡༢ པའི་ གནས་རིམ་ནང་ལས་ དྲག་ཤོས་༡༠ གྱི་གྲངས་སུ་ཚུད་མི་ སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་༦༢ གསལ་བསྒྲགས་འབད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ གཞུང་དང་སྒེར་གྱི་སློབ་གྲྭ་༥༧༥ ལྷགཔ་ཅིག་ ཡོད་མི་ཚུ་གི་གྲས་ལས་ དྲག་ཤོས་ཚུ་ ངོས་འཛིན་འབད་དེ་ ལེགས་བསྟོད་འབད་མི་དེ་གིས་ སློབ་གྲྭ་གཞན་ཚུ་གི་དོན་ལུ་ མིག་དཔེ་ཅིག་ གསལ་སྟོན་འབདཝ་ཨིན་མས།
སྤྱི་ལོ་༢༠༡༧ ལུ་ སློབ་རིམ་༣ པའི་གནས་རིམ་ནང་ལས་ སློབ་གྲྭ་དྲག་ཤོས་༡༠ གྱི་གྲངས་སུ་ སྒེར་གྱི་སློབ་གྲྭ་༣ གྱིས་གཙོས་པའི་ སློབ་གྲྭ་ཆུང་བ་༢༨ ཚུད་ཡོདཔ་ད་ སློབ་རིམ་༦ པའི་གནས་རིམ་ནང་ སྒེར་གྱི་སློབ་གྲྭ་༤ བརྩིས་ཏེ་ སློབ་གྲྭ་༡༤ གིས་ དྲག་ཤོས་ཐོན་ཡོདཔ་མ་ཚད་ སློབ་རིམ་༡༠ པའི་ནང་ སྒེར་གྱི་སློབ་གྲྭ་༢ དང་ གཞུང་གི་སློབ་གྲྭ་༨ ཀྱིས་ དྲག་ཤོས་ཐོན་པའི་ཁར་ སློབ་རིམ་༡༢ པའི་གནས་རིམ་ནངས་ལས་ སྒེར་གྱི་འབྲིང་རིམ་སློབ་གྲྭ་༡ དང་ གཞུང་གི་འབྲིང་རིམ་སློབ་གྲྭ་གོང་མ་༢ དེ་ལས་ སློབ་གྲྭ་ལྟེ་བ་༧ གྱིས་ དྲག་ཤོས་ཐོན་ནུག།
ལོ་བསྟར་སློབ་གྲྭའི་ ལས་འབྲེལ་འཛིན་སྐྱོང་ལམ་ལུགས་དེ་ཡང་ ཤེས་རིག་ལྟ་རྟོག་སྡེ་ཚན་གྱིས་ སློབ་གྲྭའི་ལས་འབྲེལ་སྐུགས་དང་ སློབ་གྲྭ་རང་རྐྱང་བརྟག་ཞིབ་ དེ་ལས་ ལོ་བསྟར་སློབ་གྲྭ་གོང་འཕེལ་གྱི་ འཆར་གཞི་ཚུ་ལུ་ བརྟག་ཞིབ་འབད་མི་དང་འཁྲིལ་ སློབ་གྲྭའི་གནས་རིམ བཏོན་ཡོདཔ་ད་ སློབ་གྲྭ་ཚུ་གི་ ལས་འབྲེལ་ཚུ་ཡང་ ཤེས་ཡོན་སློབ་སྦྱོང་གི་སྐུགས་དང་ སྤུས་ཚད་ལག་ལེན་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་༣ ལུ་ གཞི་བཞག་ཐོག་ལས་ བརྟག་ཞིབ་འབད་ནུག།
བརྟག་ཞིབ་ཀྱི་སྐབས་ལུ་ འབྲིང་རིམ་སློབ་གྲྭ་གོང་མའི་ གནས་ཚད་དང་ སློབ་གྲྭ་བར་མ་ དེ་ལས་ སློབ་གྲྭ་ཆུང་བའི་ གནས་ཚད་ག་རའི་ནང་ གྲོང་གསེབ་ཀྱི་ སློབ་གྲྭ་ཚུ་གིས་ མིང་གཏམ་ཐོན་ཡོདཔ་ལས་ དཔའ་ཉམས་བསྐྱེད་ཚུགས་པའི་ གཞི་གནས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་སས།
ད་རུང་ ཤེས་རིག་ལྷན་ཁག་གིས་ ཡ་མཚན་ཆེ་བའི་ ལེགས་བསྒྱུར་ འབག་འོང་མི་ སློབ་གྲྭ་དྲག་ཤོས་༡༠ ནང་ཚུད་མི་ སློབ་གྲྭ་ཚུ་ཡང་ གསལ་སྟོན་འབད་ནུག།
འདི་འབདཝ་ད་ སློབ་གྲྭ་དྲག་ཤོས་ཚུ་གི་ བརྟག་ཞིབ་དེ་ ཤེས་རིག་ལྷན་ཁག་འོག་ལུ་ཡོད་མི་ ཤེས་རིག་ལྟ་རྟོག་སྡེ་ཚན་གྱིས་འབད་ཡོདཔ་ལས་ བརྟག་ཞིབ་ཀྱི་ གྲུབ་འབྲས་ཚུ་ལུ་ ལ་ལོ་གིས་ དྲི་བཀོད་འབད་ནི་ འགོ་བཙུགས་ཡོད་མི་དེ་ཡང་ དེ་ནང་ ཁེ་ཕན་ལྟག་སྤྲོད་ཡོད་མི་ལུ་བརྟེན་ཨིན་མས།
གལ་སྲིད་ སློབ་གྲྭ་ཁག་གི་ གནས་རིམ་བརྟག་ཞིབ་ཚུ་ ཤེས་རིག་ལྷན་ཁག་དང་ འབྲེལ་གནད་མེད་པའི་ རང་དབང་ཅན་གྱི་ ལས་སྡེ་ཅིག་གིས་ འགོ་འདྲེན་འཐབ་ཡོད་པ་ཅིན་ ཁེ་ཕན་ལྟག་སྤྲོད་ཀྱི་ ལོ་རྒྱུས་ཐོན་དགོཔ་མེད་པའི་ཁར་ བརྟག་ཞིབ་ཀྱི་ གྲུབ་འབྲས་ཚུ་ལུ་ཡང་ ཡིད་ཆེས་བསྐྱེད་ནི་གི་ འོས་འབབ་འདུག་ཟེར་ ལ་ལོ་གིས་ བཤདཔ་ཨིན་མས།
དཔྱེ་འབད་བ་ཅིན་ འདས་པའི་ལོ་༢ ཀྱི་ཧེ་མར་ ལས་གཡོག་ལྷན་ཁག་གིས་ ལས་མིའི་བརྟག་ཞིབ་ཅིག་ འབད་ནི་གི་ དཔའ་བཅམ་ད་ སྤྱི་ཚོགས་ནང་ལས་ ཁེ་ཕན་ལྟག་སྤྲོད་འོང་སྲིད་ནི་ཨིནམ་ལས་ རང་དབང་ཅན་གྱི་ལས་ཚོགས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ལུ་ བརྟག་ཞིབ་འབད་བཅུག་དགོ་པའི་ གྲོས་ཐག་བཅད་གནང་ནུག།
འདི་འབདཝ་ལས་ མ་འོངས་པ་ལུ་ འདི་བཟུམ་མའི་ སློབ་གྲྭ་དྲག་ཤོས་ཚུ་ ངོས་འཛིན་འབད་ནི་གི་དོན་ལུ་ ཁེ་ཕན་ལྟག་སྤྲོད་མེད་པའི་ རང་དབང་ཅན་གྱི་ལས་སྡེ་ དཔེར་ན་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ལ་སོགས་པ་ཚུ་ལུ་ བརྟག་ཞིབ་འབད་བ་ཅིན་ བརྟག་ཞིབ་ཀྱི་ གྲུབ་འབྲས་ཚུ་ རྣམ་དག་དང་ དྭངས་གསལ་འོང་ནི་ཨིནམ་ལས་ དེ་ལུ་ དྲི་བཀོད་འབད་མི་ཡང་ མི་འཐོནམ་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *