ཤེགསི་པེ་ཡར་གྱི་ འཁྲབ་སྟོན་སྟོན་པའི་བསྒང་།

སློབ་གྲྭ་ཁག་ཚུ་ནང་ ལོ་ངོ་མང་རབས་ཅིག་གི་རིང་ མཚམས་འཇོག་འབད་མི་ འཁྲབ་སྟོན་ལས་རིམ་ ལོག་འགོ་བཙུགས་ཡོདཔ།

༉ རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་ཚུ་ནང་ འཁྲབ་སྟོན་ལས་རིམ་ ལོ་ངོ་མང་རབས་ཅིག་ མཚམས་འཇོག་འབད་བའི་ཤུལ་ལས་ གནམ་ལོ་མེ་མོ་བྱ་ལོ་ནང་ ཤེས་རིག་ལྷན་ཁག་གིས་ ལོག་འགོ་བཙུགས་ཚུགས་མི་དེ་ ཤེས་རིག་གི་སྲིད་བྱུས་ནང་ ཡ་མཚན་ཆེ་བའི་ ལས་རིམ་ཅིག་ལུ་གྱུར་ནུག།
ཤེས་རིག་ལྷན་ཁག་གིས་ འཁྲབ་སྟོན་ཚུ་ ལོག་འགོ་བཙུགས་མི་དེ་ཡང་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་དང་ ཨིང་སྐད་སྒྲ་དག་ཏོག་ཏོ་སྦེ་ སླབ་ཚུགས་ནི་དང་ རིག་རྩལ་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་ལུ་ ཁེ་ཕན་ཡོདཔ་མ་ཚད་ རང་སོའི་བློ་སྟོབས་ཚུ་ གོང་འཕེལ་གཏང་ནི་དང་ ཀུན་ཚང་ཤེས་ཡོན་འཐོབ་ནི་ལུ་ ལྷན་ཐབས་འབྱུང་ནི་ལུ་དམིགས་ཏེ་ སྤྱན་འབུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་མ་ཚད་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ འཁྲབ་སྟོན་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ཨིནམ་ད་ རྒྱལ་རབས་ཅན་གྱི་ རྒྱལ་ཡོངས་འཁྲབ་སྟོན་དུས་སྟོན་དེ་ཡང་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༡༦ ལས་ རྒྱལ་ཁབ་ནང་འཁོད་ལས་ འཁྲབ་སྟོན་ནང་ དྲག་ཤོས་ཐོན་མི་ སློབ་གྲྭ་༥༠ དེ་ཅིག་གིས་ ཉིན་གྲངས་༥༠ གི་རིང་ལུ་ ཤེགསི་པེ་ཡར་གྱི་ འཁྲབ་སྟོན་༡༧ དང་ ཤེགསི་པེ་ཡར་མེན་པའི་འཁྲབ་སྟོན་༢༣ དེ་ལས་ རྫོང་ཁའི་འཁྲབ་སྟོན་༧ བརྩིས་ཏེ་ འཁྲབ་སྟོན་༥༠ དེ་ཅིག་ ཐིམ་ཕུག་ མུ་ཏིག་ཐང་སློབ་གྲྭ་ནང་ མི་མང་ལུ་ སྤྱན་འབུལ་འབད་ནུག།
སློབ་གྲྭའི་རྩ་གཞུང་ནང་ འཁྲབ་སྟོན་ཤེགསི་པེ་ཡར་དེ་ ལོག་འགོ་བཙུགས་ནིའི་དོན་ལུ་ སྤྱི་ལོ་༢༠༡༦ གི་ རྒྱལ་ཡོངས་ཤེས་རིག་གྲོས་འཛོམས་ནང་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ འཁྲབ་སྟོན་ལས་རིམ་དེ་ཡང་ ཤེས་རིག་ལྷན་ཁག་གིས་ ལོ་བསྟར་ལས་རིམ་ཅིག་སྦེ་ བཟོ་ཡོདཔ་བཞིན་དུ་ འཁྲབ་སྟོན་ནང་ལས་ དྲག་ཤོས་ཐོན་མི་ སློབ་གྲྭ་ཚུ་ལུ་ཡང་ གཟེངས་བསྟོད་དང་ དངུལ་རྐྱང་གི་ གསོལ་རས་ཚུ་ བྱིན་ཡོདཔ་ཨིན་པས།
ལོ་དེ་ནང་ ཤེས་རིག་ལྷན་ཁག་གི་ གལ་གནད་ཅན་གྱི་ ལས་རིམ་གཅིགཔོ་ གཞུང་གིས་ ཤར་ཕྱོགས་རྫོང་ཁག་ནང་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་ནི་ ཁས་བླངས་འབད་མི་ཡང་ གྲུབ་ཚུགས་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭའི་སློབ་དཔོན་ཚུ་གིས་ ཤེས་ཡོན་རྒྱ་སྐྱེད་དོན་ལུ་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དང་ མོང་སྒར་ རྒྱལ་པོའི་ཞིང་ལུ་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ དེ་ལས་ བཀྲིས་གཡང་རྩེ་ལུ་ རིག་གནས་མཐོ་རིམ་སློབ་གྲྭ་ཚུ་ གཞི་བཙུགས་འབད་ཡི།
ཤེས་རིག་ལྷན་ཁག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་༡༧༠ དེ་ཅིག་ ལོ་༢ ཀྱི་རིང་ལུ་ གཏན་འཇགས་ཁག་འབག་ཐོག་ གསར་བཙུགས་འབད་ཡོདཔ་མ་ཚད་ སློབ་དཔོན་ཚུ་གི་ ལཱ་འགན་མར་ཕབ་འབད་ནིའི་དོན་ལུ་ རྒྱབ་སྐྱོར་ལས་ བྱེདཔ་༣༡༦ དང་ སློབ་དཔོན་༤༠༠ དེ་ཅིག་ སར་བཙུགས་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གི་ མོ་བཏབ་ཀྱི་དོན་ལུ་ རྒྱལ་ཁབ་ཀྱི་ སློབ་གྲྭ་༧ ནང་ གཙང་རས་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཨིང་སྐད་སློབ་དཔོན་ཚུ་ལུ་ ཨིང་སྐད་ཀྱི་ ཁྱད་རིག་དང་ དོན་སྨིན་ཅན་གྱི་ བརྡ་དོན་རིག་རྩལ་ཚུ་ གོང་འཕེལ་གཏང་ཐབས་ལུ་ སྦྱོང་བརྡར་འབད་ཡོདཔ་བཞིན་དུ་ ཤེས་རིག་གི་གནས་རིམ་ ཤེས་རྟོགས་འབྱུང་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ལས་ སྐྱེས་ལོ་༡༥ དང་༡༦ གི་བར་ན་འབད་མི་ སློབ་ཕྲུག་༢,༤༩༢ དེ་ཅིག་ལུ་ ན་ཧིང་ པི་ཨའི་ཨེསི་ཨེ་ཌི་ཟེར་ རྒྱལ་སྤྱི་སློབ་ཕྲུག་བརྟག་ཞིབ་ གོང་འཕེལ་ལས་རིམ་གྱི་དོན་ལུ་ ཆོས་རྒྱུགས་རྐྱབ་ཡོདཔ་ཨིན་པས།
དུས་ཅི་ལས་ འབྲུག་པའི་སློབ་དཔོན་༣ དེ་ཅིག་གིས་ ཇ་པཱན་ལུ་ པར་རིས་ཀྱི་ སྦྱོང་བརྡར་འབད་ནི་ལུ་ སྤྱི་ལོ་༢༠༡༧ ལུ་
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ དེ་ལས་ རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་དང་ ཀླདཔ་ཡར་དྲག་གཏང་ནིའི་དོན་ལུ་ གཞུང་གིས་ བང་ལ་དེཤ་ ལས་ ཟས་བཅུད་དང་ལྡན་པའི་ ཕོར་ཊི་ཕ་ཡེཌ་ཆུམ་རིགས་ ནང་འདྲེན་འབད་དེ་ སློབ་གྲྭ་ཚུ་ནང་ བཀྲམ་སྤེལ་འབད་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ རྒྱ་གར་ འབྲས་ལྗོངས་མ་ནི་པཱལ་གཙུག་ལག་སློབ་སྡེ་(ཨེསི་ཨེམ་ཡུ)ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ཁོང་ཆ་ཁྱབ་ ནང་དོག་པའི་ གནས་སྟངས་ནང་ཚུད་མི་དེ་ ཤེས་རིག་ལྷན་ཁག་གི་ ཁ་ཐུག་ལས་ སློབ་ཕྲུག་ཚུ་ལུ་ གོ་བརྡ་མ་སྤྲོད་པའི་ སྐྱོན་ཨིན་པའི་ ཉོགས་བཤད་ཐོན་ཡི།
ཨེསི་ཨེམ་ཡུ་གི་ མཐོ་རིམ་སློབ་ཕྲུག་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ སྤྱི་ལོ་༢༠༡༦ ལུ་ ཁོང་གི་མཐོ་རིམ་ཤེས་ཚད་དེ་ དུས་རྒྱུན་དུ་ མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་མ་སྦྱང་པར་ ཐག་རིང་གི་ཐོག་ལས་ ཤེས་ཡོན་སྦྱང་ཡོད་པའི་ ལག་ཁྱེར་ཨིནམ་ ཤེས་རྟོགས་བྱུང་ཞིནམ་ལས་ཚུར་ ཁོང་གི་གནས་སྟངས་དེ་ ཏན་ཏན་མེདཔ་ བཟོ་དཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་གཉིས་ཆ་ར་ལས་ ཐག་རིང་ཤེས་ཡོན་གྱི་ ལག་ཁྱེར་འཆང་མི་ཚུ་ལུ་ ངོས་འཛིན་མེདཔ་ཨིན་པས།
ལོ་དེ་ནང་ བསམ་རྩེ་ བསྟན་འབྲུག་སློབ་ གྲྭ་ལྟེ་བའི་ སྤྱི་དོན་ཁང་ནང་ ནུབ་མོའི་ སྤྲོ་སྟོན་ལས་རིམ་ཅིག་ནང་ ཏམ་ཁུ་དང་ཆང་ ལག་ལེན་འཐབ་ ཡོད་པའི་ ཉོགས་བཤད་ཅི་ཐོན་ཡོདཔ་བཞིན་དུ་ སློབ་གྲྭའི་དབུ་འཛིན་དེ་ བདག་སྐྱོང་དང་ལེན་བཟུམ་ཅིག་སྦེ་ ས་གནས་གཞན་ཁར་ གནས་སོར་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཆུ་ཁ་རྫོང་ཁག་ནང་ སློབ་ཕྲུག་བདག་འཛིན་པ་གིས་ སློབ་ཕྲུག་གཅིག་ དྲང་ཡོད་པའི་གནད་དོན་ལུ་ སློབ་དཔོན་དེ་ལུ་ ཉེས་ཁྲིམས་ལོ་༡ བཀལ་ཡོདཔ་ད་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཁག་ཚུ་ནང་ སློབ་ཕྲུག་ཚུ་གིས་ དལ་རྒྱུག་གྱོན་ཆས་ ཊེག་སུཊ་དེ་ གཟུགས་ཁམས་འཕྲོད་བསྟེན་གྱི་དོན་ལུ་དང་ ལུས་སྦྱོང་ཤེས་ཡོན་གྱི་ དུས་ཚོད་ལུ་མ་གཏོགས་ གྱོན་མ་ཆོག་པའི་ ཡིག་ཚང་བཀའ་རྒྱ་ཡང་ བཏོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་མི་ལུ་བརྟེན་ སློབ་གྲྭ་ལ་ལོ་ཅིག་ གོ་བསྡམས་དགོཔ་ བྱུང་མི་ལུ་བརྟེན་ མི་སེར་ཚུ་གིས་ ཉོགས་བཤད་བཀལ་མི་ཡང་ ཐོན་ཡོདཔ་བཞིན་དུ་ གནམ་ལོ་མེ་མོ་བྱ་ལོ་ནང་ རྒྱལ་ཁབ་ནང་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་སྡེ་ཡང་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *