ཞལ་འཛོམས་ནང་ ཌོག་ཊར་ གོ་རོ་གིས་ སློབ་གྲྭ་ཁག་གི་ བསླབ་སྟོན་པ་ཚུ་ལུ་ བསླབ་སྟོན་ཁྱད་ཆོས་སྐོར་ལས་ བསལ་བཤད་འབད་བའི་བསྒང་།

སློབ་གྲྭ་ཁག་གི་བསླབ་སྟོན་པ་ལུ་ བསླབ་སྟོན་ཁྱད་ཆོས་ཀྱི་ གསལ་བཤད་འབད་ཡོདཔ།

༉ ནོར་ཝེ་གི་ བསླབ་སྟོན་པ་གོངམ་ ཌོག་ཊར་ གོ་རོ་ཨོལམ་ རེ་པེསི་ཊོལ་གྱིས་ སློབ་གྲྭ་ཚུ་ནང་ འཇོན་ཐངས་ཅན་གྱི་ བསླབ་སྟོན་པ་འབད་དགོ་པ་ཅིན་ ན་གཞོན་ཚུ་གི་ དཀའ་ངལ་ཚུ་ ཉན་ནི་ལུ་ འོས་འབབ་ཡོད་མི་དང་ སློབ་ཕྲུག་ཨ་ལོ་ཚུ་ལུ་ ལྷད་མེད་ཀྱི་ཐོག་ལས་ སྤྲོ་བ་དང་ དང་འདོད་བསྐྱེད་ཚུགས་པའི་ ཁྱད་ཆོས་ཚུ་ ཚང་དགོ་དེ་ ཁག་ཆེ་ཟེར་ཨིན་པས།
སྤྱིར་བཏང་བསླབ་སྟོན་པ་ཚུ་ སྙིང་རུས་ཅན་དང་ བློ་གཏད་ཅན་གྱི་སྒོ་ལས་ ཡིད་ཆེས་བསྐྱེད་ཚུགས་པའི་ཁར་ བཟོད་སྲོལ་གྱི་ཐོག་ལུ་ གནས་ཚུགས་པའི་ ཁྱད་ཆོས་ཚང་པ་ཅིན་ འཇོན་ཐངས་ཅན་གྱི་ བསླབ་སྟོན་སྦེ་ བརྩི་འཇོག་འབད་ཚུགས་ཟེར་ཨིན་པས།
དེ་ཡང་ ཌོག་ཊར་ གོ་རོ་གིས་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ལུ་ འབྲུག་བསླབ་སྟོན་པའི་ གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ལས་ བསླབ་སྟོན་པ་༣༠ ལུ་ གསལ་བཤད་འབད་ཡི།
མོ་གིས་འབད་བ་ཅིན་ བསླབ་སྟོན་པ་ཚུ་གིས་ ན་གཞོན་ཚུ་གི་ དཀའ་ངལ་ལུ་ བསྒུག་སྡོད་ནི་མིན་པར་ ཨ་ལོ་ཚུ་གིས་ བསླབ་སྟོན་པ་དང་གཅིག་ཁར་ ནམ་ར་འབད་རུང་ འབྲེལ་བ་འཐབ་ཚུགསཔ་སྦེ་ སྡོད་པ་ཅིན་ ཨ་ལོ་ཚུ་གི་ དཀའ་ངལ་ཚུ་ ཤེས་རྟོགས་འབྱུང་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ན་གཞོན་ཚུ་གིས་ གལ་སྲིད་ ཡིད་ཆེས་བསྐྱེད་མ་ཚུགས་པའི་ དཀའ་ངལ་ཚུ་ སླབ་ཐོན་རུང་ སློབ་གྲྭ་ནང་ བསླབ་སྟོན་པ་སྦེ་ བཞག་མི་དེ་ གནད་དོན་འདི་གི་དོན་ལུ་ ཨིནམ་ཧ་གོ་ཞིནམ་ལས་ དཀའ་ངལ་དེ་ ཡིད་ཆེས་བསྐྱེད་ཚུགསཔ་བཟོ་དགོ་ཟེར་ བསླབ་སྟོན་པ་གོངམ་གིས་ བཤད་ཅི།
མོ་གིས་འབད་བ་ཅིན་ བསླབ་སྟོན་པ་ཟེར་མི་དེ་ར་ དཀའ་ངལ་སྐོར་ལས་ ལོ་རྒྱུས་སླབ་སྟེ་ དཀའ་ངལ་ཚུ་ སེལ་འཐབ་འབད་མི་ལུ་ དགོ་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ རང་སོའི་སྟབས་མ་བདེཝ་ཚུ་ བསླབ་སྟོན་པ་ལུ་ སླབ་ཚུགསཔ་བཟོ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་དགོ་ཟེར་ཨིན་པས།
སྤྱིར་བཏང་ ན་གཞོན་ཚུ་གིས་ རང་སོའི་དཀའ་ངལ་ངོ་མ་འདི་ ཁ་ལས་མ་སླབ་པར་ མང་ཤོས་ར་ ལུས་ཀྱི་རྣམ་འགྱུར་ཐོག་ལུ་ སྟོན་དོ་ཡོདཔ་ལས་ ཨ་ལོ་ཚུ་གིས་ རྣམ་འགྱུར་མ་འདྲཝ་སྟོན་པའི་བསྒང་ལས་ བསླབ་སྟོན་པ་གིས་ གནད་དོན་ག་ཅི་ཨིན་ན་ ཧ་གོ་དགོཔ་ གལ་ཆེ་ཟེར་ཨིན་པས།
གལ་སྲིད་ བསླབ་སྟོན་པ་གིས་ ན་གཞོན་གྱི་ དཀའ་ངལ་དེ་ སེལ་མ་ཚུགས་རུང་ སྟབས་མ་བདེཝ་ཚུ་ ངོས་འཛིན་འབད་ཞིནམ་ལས་ ཁོང་ར་གིས་ སེལ་ཚུགསཔ་བཟོ་ནི་ལུ་ ཡར་དྲག་བཏང་དགོ་ནི་དང་ ན་གཞོན་ཚུ་གིས་ སླབ་མིའི་དཀའ་ངལ་ཚུ་ གཞན་ལུ་མ་སླབ་པར་ གསང་བའི་ཐོག་ལུ་ བཞག་ནི་དེ་ཁག་ཆེ་ཟེར་ཨིན་པས།
བསླབ་སྟོན་པ་གིས་ ན་གཞོན་ཚུ་ལུ་ བཅའ་ཡིག་དང་ སྒྲིག་གཞི་ སྲིད་བྱུས་ དེ་ལས་ རང་སོའི་ཐོབ་དབང་ འཛིན་སྐྱོང་འབད་དགོཔའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ ག་དེ་དྲག་དྲག་འབད་དགོ་ནི་ཨིན་པས།
བསླབ་སྟོན་པ་ ག་ར་འབད་རུང་ སློབ་ཕྲུག་ཚུ་ལས་ དཀའ་ངལ་གྱི་ ངོས་འཛིན་བྱུང་མི་ལུ་ རྒྱབ་སྐྱོར་བྱིན་ཏེ་ སེམས་ཤུགས་བསྐྱེད་བཅུག་དགོཔ་མ་ཚད་ རང་སོའི་བསམ་སྤྱོད་ཚུ་ཡང་ བསྒྱུར་བཅོས་འབད་ནི་ལུ་ དུས་མཐུན་བཞག་དགོ་ཟེར་ ཌོག་ཊར་ གོ་རོ་གིས་ བཤད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *