སློབ་ཁང་ཚུ་ནང་ གཙང་སྦྲ་དང་འབྲེལ་བའི་ མཐུན་རྐྱེན་ལེགས་ཤོམ་དགོ་ནི།

༉ ང་བཅས་རའི་ ན་གཞོན་བུམོ་ཚུ་ལུ་ ཟླ་ཁྲག་གི་ ཤེས་རྟོགས་ཡོདཔ་ཨིན་ན?
སྐྱེས་ལོ་༡༠ ལས་༡༩ གི་བར་ན་འབད་མི་ བུམོ་མང་ཤོས་ཅིག་གིས་ ཟླ་ཁྲག་སྐོར་ལས་ ཤེས་དོ་ཡོདཔ་ཨིན་རུང་ ཟླ་ཁྲག་འོངམ་ད་ འཛིན་སྐྱོང་ཚུལ་ལྡན་མ་འབད་མི་ལུ་བརྟེན་ སྐྱེ་རྒྱུན་གསང་ལམ་ནང་ ནད་ཟུན་དོ་ཡོད་པའི་ ཤེས་རྟོགས་མེདཔ་ཨིན་མས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ སློབ་གྲྭའི་བུམོ་དང་ ཨ་ནེམོ་ཚུ་གི་ ཟླ་ཁྲག་དང་འབྲེལ་བའི་ འཕྲོད་བསྟེན་འཛིན་སྐྱོང་འཐབ་ཐངས་སྐོར་ བརྟག་ཞིབ་ཅིག་འབདཝ་ད་ མངོན་གསལ་བྱུང་ནུག།
དེ་གི་ནང་ལས་ཡང་ ཨ་ནེམོ་བརྒྱ་ཆ་༤༠ ལྷགཔ་ཅིག་གིས་ ཟླ་ཁྲག་འོངམ་ད་ ཚུལ་ལྡན་སྦེ་ འཛིན་སྐྱོང་མ་འཐབ་པ་ཅིན་ ནད་རིགས་མ་འདྲཝ་ འཐོབ་ཉེན་ཡོད་པའི་ཁར་ ཆབ་གསང་བསྡུས་པ་འཐོན་སའི་ ཆབ་དོང་ལུ་ ནད་ཟུན་དོ་ཡོད་པའི་སྐོར་ ཧ་མ་གོ་བར་འདུག་ཟེར་ཨིན་མས།
ཨིན་རུང་ བརྟག་ཞིབ་དང་འཁྲིལ་བ་ཅིན་ ཟླ་ཁྲག་འོང་ནི་དེ་ སྐྱེ་ལྡན་དང་འབྲེལ་བའི་ རང་བཞིན་གྱི་ བྱ་རིམ་ཅིག་ཨིན་རུང་ གཙང་རས་ལག་ལེན་དང་ ཆུ་འཁྱུ་ནི་གི་ གཞི་རྟེན་མཐུན་རྐྱེན་མེད་མི་ལུ་བརྟེན་ ན་གཞོན་བུམོ་དང་ ཨ་ནེམོ་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་ ལེགས་ཤོམ་སྦེ་ བཞག་མ་ཚུགས་པའི་ དཀའ་ངལ་ཡོད་མི་དེ་ རྒྱལ་ཡོངས་ཀྱི་ གནད་དོན་ཅིག་ཨིན་མས།
ཟླ་ཁྲག་ཚུལ་ལྡན་སྦེ་ འཛིན་སྐྱོང་འཐབ་མ་ཚུགས་མི་དེ་ཡང་ སློབ་གྲྭ་དང་ ཨ་ནེམོ་གྲྭ་ཚང་ཚུ་ནང་ གསང་སྤྱོད་ཁམས་ལོག་སི་སི་དང་ ཆུ་གི་དཀའ་ངལ་ དེ་ལས་ གཙང་རས་ཐོབ་ཆོག་ཆོ་ མེད་པའི་ཁར་ གཙང་རས་ཡོད་རུང་ བཀོག་ས་མེད་མི་ལུ་བརྟེན་ སློབ་གྲྭའི་བུམོ་བརྒྱ་ཆ་༤༤.༧ སློབ་གྲྭ་ནང་ མ་འགྱོ་བར་ སྡོད་དོ་ཡོདཔ་ད་ ལ་ལོ་གིས་ འདི་བཟུམ་མའི་ གཞི་རྟེན་མཐུན་རྐྱེན་མ་ཐོབ་ནི་དེ་གིས་ ཟླ་ཁྲག་འོངམ་ད་ སློབ་ཁང་ནང་ མ་འགྱོ་བར་ ངལ་གསོ་ལེན་སྡོད་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
བརྟག་ཞིབ་ཀྱི་དོན་ལུ་ དྲི་བ་དྲིས་ལན་འབདཝ་ད་ སློབ་ཕྲུག་བརྒྱ་ཆ་༤༤.༧ གྱིས་ ཟླ་ཁྲག་འོང་ནིའི་དུས་ཚོད་ ཉིནམ་༡ ལས་༤ དེ་ཅིག་ སློབ་ཁང་ནང་ མ་འགྱོ་བར་སྡོད་མིའི་ གནད་དོན་གཙོ་བོ་ར་ ན་ནི་དང་ སྟབས་མ་བདེ་མི་ལུ་བརྟེན་ཨིནམ་སྦེ་སླབ་ནུག།
ད་རུང་ ཟླ་ཁྲག་གི་ དུས་ཚོད་ནང་ སློབ་ཕྲུག་བུམོ་ཚུ་གིས་ གཟུགས་ཁམས་གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་མིའི་ རྒྱུ་རྐྱེན་གཞན་དེ་ ཁྲག་གདན་དང་ ཁྲག་རས་མེན་པར་ གོ་ལ་དང་ ཨ་ཅོ་ལྟོ་རས་ལ་སོགས་པ་ གཙང་རས་སྦེ་ ལག་ལེན་འཐབ་མ་ཚད་ ལ་ལོ་གིས་ གཙང་རས་ཚུ་ ག་ལྷོད་སར་ སྐམ་བཞག་མི་ལུ་བརྟེན་ ནད་རིགས་མ་འདྲཝ་ ཐོབ་དོ་ཡོདཔ་ཨིན་མས།
སློབ་ཕྲུག་བུམོ་བརྒྱ་ཆ་༨ དང་ ཨ་ནེམོ་བརྒྱ་ཆ་༧.༡ གིས་ ལོག་ལག་ལེན་འཐབ་བཏུབ་པའི་ གཙང་རས་ཚུ་ གོ་ལ་གཞན་ཚུ་དང་གཅིག་ཁར་ སྦ་ཐོག་ལས་ སྐམ་དོ་ཡོད་མི་དེ་གིས་ཡང་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་དོ་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་ལས་ ང་བཅས་རའི་ མི་སྡེ་ནང་ མནོ་ལུགས་ངན་པ་དང་ རྣམ་རྟོག་ལང་ནི་ དེ་ལས་ ངོ་ཚ་མི་དེ་གིས་ཡང་ ང་བཅས་རའི་བུམོ་ཚུ་ ཟླ་ཁྲག་དང་འབྲེལ་བའི་ འཛིན་སྐྱོང་འཐབ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ད་ དཔེར་ན་ སློབ་ཕྲུག་བུམོ་བརྒྱ་ཆ་༦༠ གིས་འབད་བ་ཅིན་ ཟླ་ཁྲག་འོངམ་ད་ ཨམ་སྲུ་ཚུ་ མཆོད་བཤམ་ ཡང་ཅིན་ ལྷ་ཁང་ནང་ འཛུལ་ནི་མི་འོང་ཟེར་ སླབ་མ་ཚད་ ཨ་ནེམོ་བརྒྱ་ཆ་༣༣.༢ དེ་ཅིག་གིས་ ཟླ་ཁྲག་འོང་མི་ ཨམ་སྲུ་ཚུ་ ཆོས་འབད་སར་ མི་འགྱོ་བས་ཟེར་ཨིནམ་ད་ ཨ་ནེམོ་བརྒྱ་ཆ་༧༦.༥༨ གིས་ གཙང་རས་ཚུ་ ག་གིས་ཡང་ མ་མཐོངམ་སྦེ་ ཉོ་དོ་ཟེར་ཨིན་མས།
གནད་དོན་དེ་ ག་དེ་སྦེ་ར་ཨིན་རུང་ ཟླ་ཁྲག་གི་སྐོར་ལས་ རྣམ་རྟོག་ལང་མི་དང་ ངོ་ཚ་བའི་ མནོ་ལུགས་མེདཔ་བཟོ་ནིའི་དོན་ལུ་ གོ་བརྡ་སྤྲོད་དགོཔ་མ་ཚད་ དམགས་བསལ་དུ་ སློབ་གྲྭ་ཚུ་ནང་ ང་བཅས་རའི་ སློབ་ཕྲུག་བུམོ་ཚུ་གི་དོན་ལས་ ཆུ་འཁྱུ་ནི་དང་ གཙང་སྦྲའི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ ཐོབ་སྤྱོད་ཡོདཔ་བཟོ་ནི་དེ་ ག་ནི་བ་གལ་ཆེ།
གལ་སྲིད་ ཤེས་རིག་ལྷན་ཁག་དང་ གཙུག་སྡེ་ཚུ་གིས་ སློབ་ཕྲུག་དང་ ཨ་ནེམོ་ཚུ་ལུ་ ཆུ་དང་གསང་སྤྱོད་ཚུལ་ལྡན་སྦེ་ མཁོ་སྤྲོད་འབད་མ་ཚུགས་པ་ཅིན་ ངོ་ཚ་བའི་ གཞི་གནད་ཅིག་ཨིན་མས།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *