སྲོས་རྒེད་འོག་ནང་མཐོང་མི་ ཕྱགས་སྙིགས་རག་རོ་ཚུ།

སྲོས་རྒེད་འོག་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ དཀའ་ངལ་བྱུང་སྟེ་ཡོདཔ།

༉ ཐིམ་ཕུག་སྲོས་རྒེད་འོག་ནང་ ལོ་བསྟར་བཞིན་དུ་ མི་རློབས་ཡར་སེང་སོང་མི་ལུ་བརྟེན་ གཡུས་སྒོ་དང་ ས་གནས་ཁག་ཚུ་ལས་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་བསྒྱོམ་འབད་ནི་དང་ བསྡུ་བསྒྱོམ་འབད་ཞིནམ་ལས་ བཞག་སའི་ས་གོ་མེད་པའི་ དཀའ་ངལ་ཐོན་ཏེ་འདུག།
སྲོས་འབྲིང་རིམ་སྨན་ཁང་གིས་ འགོ་འདྲེན་ཐོག་ལས་ ལོ་བསྟར་བཞིན་དུ་ སྤྱི་འོག་༥ དང་ སྤྱིར་བཏང་མི་སེར་ཚུ་གིས་ རྒྱུན་འགྲུལ་འཐབ་སའི་ ས་ཁོངས་ཚུ་ནང་ལས་ ཕྱགས་སྙིགས་བསྡུ་ལེན་འབད་དེ་ རྒེད་འོག་ནང་ སྤུངས་བཞག་རུང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ སྐྱེལ་འདྲེན་འབད་དེ་ ཁྲོམ་ཁར་ འབག་བསྐྱལ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
སྨན་ཁང་གི་ལས་བྱེདཔ་ ཟླ་བ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལོ་༤ གི་ཧེ་མར་ ལ་ནོར་ལུ་བརྟེན་སྡོད་མི་ཚུ་ ཁ་གཏོར་སྟེ་ གཞི་ཆགས་སྡོད་པའི་ཁར་ ས་གོ་གཅིག་ནང་མ་སྡོད་པར་ ཟླཝ་དག་པ་ཅིག་རིང་ སྡོད་པའི་ཤུལ་ལས་ གནས་སྤོ་འགྱོ་བའི་སྐབས་ རང་བཞིན་གནས་སྟངས་དང་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཆེ་བའི་ ཕྱགས་སྙིགས་རག་རོ་ཚུ་གིས་ གང་ཡོདཔ་ལས་ ཐབས་ཤེས་བཏོན་ཏེ་ བསྡུ་བསྒྱོམ་འབད་ནིའི་ ལས་རིམ་འགོ་འདྲེན་འཐབ་ཅི་ཟེར་ ཨིན་པས།
དེ་སྦེ་ འགོ་འདྲེན་འཐབ་པའི་སྐབས་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ མི་སེར་ཚུ་གིས་ཡང་ ངོས་ལེན་འབད་དེ་ གཅིག་མཐུན་ཐོག་ལས་ ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་ཅི་ཟེར་ ལས་རིམ་འགོ་འདྲེན་པ་གིས་ སླབ་ཨིན་པས།
སྤྱི་འོག་གི་ ཚོགས་པ་ཅིག་གིས་ སླབ་མིའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ འགོ་འདྲེན་འབད་མི་གིས་ མི་སེར་ཚུ་ལུ་ ཁེ་ཕན་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་གྱི་ ཕྱི་ནང་མེད་པར་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ཚུགསཔ་མ་ཚད་ ཨོམ་བཞོ་ནི་དང་ མར་དར་ཚིལ་ དེ་ལས་ བཞེས་སྒོ་འབད་ནི་ཚུ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་ གོང་འཕེལ་སོང་ཡི་ཟེར་ཨིན་པས།
ཨིན་རུང་ གཡུས་མི་ པ་སངས་ཀྱིས་ སླབ་མི་དང་འཁྲིལ་བ་ཅིན་ ཟླ་རིམ་བཞིན་དུ་ མི་སེར་ཚུ་གིས་ གཡུས་སྒོ་ཚུ་ནང་ལས་ བསྡུ་བསྒྱོམ་འབད་མི་ ཕྱགས་སྙིགས་ཀྱི་རིགས་ཚུ་འབག་སྟེ་ རྒེད་འོག་ནང་ བསྐྱལ་བའི་ཁར་ འབྲུག་མི་དང་ ལྟ་བཤལཔ་ཚུ་འགྱོ་སའི་ ལམ་ཚུ་ལས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དགོཔ་ཐོན་མི་དེ་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།
དེ་ཡང་ འདས་པའི་ཟླཝ་ནང་ མི་མང་རྒྱུན་འགྲུལ་འཐབ་སའི་ ལམ་ཁར་ལས་ ཕྱགས་སྙིགས་མེ་ཊིག་ཊཱོན་ལས་བཅད་དེ་ བསྡུ་བསྒྱོམ་འབད་བའི་ཤུལ་ལས་ ད་རུང་ ཕྱགས་སྙིགས་ཀྱིས་ གང་ཡོདཔ་ལས་ ལྟ་བཤལཔ་ལམ་སྟོན་པ་དང་ འབྲུག་པའི་མི་སེར་ཚུ་གིས་ རྒེད་འོག་གི་མི་སེར་དང་ གཞུང་ལུ་ གུས་ཞབས་བསྐྱེད་དགོཔ་ གལ་ཆེ་བས་ཟེར་ སླབ་ཨིན་པས།
རྒེད་འོག་ནང་ སྡོད་མི་ཚུ་གིས་ སླབ་མིའི་ནང་ ས་གནས་ཁག་ལས་ བསྡུ་བསྒྱོམ་འབད་དེ་ འབག་འོང་མི་ ཕྱགས་སྙིགས་ཚུ་ རྒེད་འོག་གི་ ཕྱགས་སྙིགས་བླུག་སའི་ས་ཁོངས་ནང་ ཕྱི་སེལ་རྐྱབ་སྟེ་ བཞག་དགོཔ་བཞིན་དུ་ ས་གོ་དེ་ ཕྱགས་སྙིགས་ཀྱིས་གང་ཡོདཔ་ད་ རུལ་བཏུབ་པའི་ཕྱགས་སྙིགས་ཚུ་ སའི་དོང་ནང་ བཙུགས་བཞག་རུང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཁྲོམ་ནང་ སྐྱེལ་འདྲེན་འབད་དེ་ འབག་དགོ་ནི་དེ་གིས་ མ་དངུལ་མ་ལང་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་པའི་ ལོ་དེ་ནང་ ལྟ་བཤལ་ཚོགས་སྡེའི་ རྒྱབ་སྐྱོར་ཐོག་ལས་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ རྟ་༤༠ ལྷགཔ་ཅིག་གི་ དོ་བཟོ་སྟེ་ སྤ་རོ་ཁ་ཐུག་ལུ་ སྐྱེལ་འདྲེན་འབད་ཡོད་རུང་ ད་རེས་ནངས་པར་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་མེདཔ་ལས་ རྒེད་འོག་ནང་ ཕྱགས་སྙིགས་གང་ཡོདཔ་ལས་ མི་སེར་ཚུ་ལུ་ དཀའ་ངལ་ཐོན་ཏེ་འདུག།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་དེ་ ཁག་ཆེ་ནི་དེ་གིས་ ཟླ་རིམ་བཞིན་དུ་ འགོ་འདྲེན་འཐབ་ནི་དང་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ཐོབ་པའི་སྐབས་ སྟབས་གཅིག་གུ་སྦེ་ ཁྲོམ་ནང་ སྐྱེལ་འདྲེན་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སྲོས་རྒེད་འོག་དེ་ སྤ་རོ་རྫོང་ཁག་ ཤར་ནང་གཡུས་ཚན་ལས་ ཉིན་ལམ་༢ ཀྱི་ ས་གོ་ནང་ཆགས་ཏེ་ཡོདཔ་ད་ རྒེད་འོག་ནང་ གུང་པ་༢༨ ལས་བརྒལ་མེད་རུང་ གཡུས་ཚན་ཚུ་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་༢ དང་༤ དེ་ཅིག་ ལམ་འགྱོ་དགོ་པའི་ ས་གོ་ནང་ ཆགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། སྲོས་རྒེད་འོག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *