སྨན་པ་ཟླ་བ་རྒྱལ་མཚན་གྱིས་ ནདཔ་བརྟག་ཞིབ་འབད་བའི་བསྒང་།

སྲོས་རྒེད་འོག་ནང་ གསོ་བའི་ལས་བྱེདཔ་གཅིག་ལས་བརྒལ་ མེད་མི་ལུ་བརྟེན་ ཞབས་ཏོག་བྱིན་ནི་ལུ་དཀའ་ངལ།

༉ ཐིམ་ཕུག་རྫོང་ཁག་ སྲོས་རྒེད་འོག་གི་ གསོ་བའི་སྨན་ཁང་ནང་ གསོ་བའི་ལས་བྱེདཔ་གཅིག་ལས་བརྒལ་ མེདཔ་ལས་ མི་སེར་ཚུ་ལུ་ དུས་ཚོད་ཁར་ གསོ་བའི་ཞབས་ཏོག་སྤྲོད་ནི་ལུ་ གདོང་ལེན་བྱུང་སྟེ་འདུག།
ད་ལྟོ་ཚུན་ གསོ་བའི་ལས་བྱེདཔ་གཅིག་གིས་ མི་མང་ལུ་ ཉིན་བསྟར་གྱི་ གསོ་བའི་ཞབས་ཏོག་ཚུ་ སྤྲོད་ཡོད་པའི་ཁར་ གློ་བུར་གྱི་ སྨན་བཅོས་འབད་དགོཔ་ཐོནམ་ད་ཡང་ ལས་བྱེདཔ་གིས་ ཕྱག་ཞུ་ཡོདཔ་ཨིན་པས།
ཨིན་རུང་ ལོ་བསྟར་དང་ ཟླ་རིམ་གྱི་ལས་རིམ་ལྟར་དུ་སྦེ་ སྤྱི་འོག་༥ གི་མི་སེར་ག་ར་ལུ་ ཞབས་ཏོག་བྱིན་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ སྨན་པ་ཟླ་བ་རྒྱལ་མཚན་གྱིས་ སླབ་ཨིན་པས།
སྨན་པ་ཟླ་བ་རྒྱལ་མཚན་གྱིས་ འབད་བ་ཅིན་ རྒེད་འོག་དེ་ མཐའ་ཟུར་ནང་ ཆགས་ཡོདཔ་མ་ཚད་ ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་ གངས་གཤོང་དང་ རི་གུ་ལས་ཕར་ སྒར་བཅགས་སྡོད་ནི་དེ་གིས་ ཉིན་ལམ་ལས་བཅད་དེ་ རྐང་སྟོང་སྦེ་སོང་སྟེ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཞབས་ཏོག་ཚུ་ ག་དེ་དྲག་དྲག་ སྤྲོད་དོ་ཟེར་ཨིན་པས།
ཨམ་སྲུ་ཨ་ལོ་ཆགས་མི་དང་ ཨ་ལོ་སྐྱེས་ཞིནམ་ལས་ སྨན་བཅོས་ཚུ་ དུས་ཚོད་ཁར་ བྱིན་ནི་དང་ མངལ་སྒོའི་ཀེན་སར་དང་ ཕོ་བའི་ནད་གཞི་ དེ་ལས་ སྤྱིར་བཏང་གི་ ནད་གཞི་བརྟགས་དཔྱད་འབད་ནི་གིས་མ་ཚད་པར་ གཞུང་དོན་ལུ་ ཐིམ་ཕུག་དང་ གླིང་བཞི་དྲུང་ཁག་ དེ་ལས་ རྒེད་འོག་ཚུ་ནང་ ཞལ་འཛོམས་ རེ་འགོ་འདྲེན་འཐབ་པའི་སྐབས་ སྨན་ཁང་ནང་ མི་སྟོབས་ཀྱི་དཀའ་ངལ་ཡོདཔ་ལས་ ཞབས་ཏོག་སྤྲོད་མི་ཚུགས་པས་ཟེར་ ལས་བྱེདཔ་ཟླ་བ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
སྲོས་རྒཔོ་དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ནང་ སྨན་པ་གཅིག་ལས་བརྒལ་མེདཔ་ལས་ འཕྲལ་འཕྲལ་ར་ སྦྱོང་བརྡར་དང་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་དགོཔ་ཐོནམ་ད་ ཡིག་ཚང་དེ་ སྒོ་བསྡམས་བཞག་དགོ་པས་ཟེར་ཨིན་པས།
རྒེད་འོག་གིས་ ཡིག་ཐོ་དང་ ངག་ཐོག་ལས་ རྫོང་ཁ་བདག་སྐྱོང་དང་ རྫོང་ཁག་གསོ་བའི་འགོ་དཔོན་ དེ་ལས་ གཞུང་ལུ་ སྙན་ཞུ་འབད་དེ་ ལོ་༥ ལྷག་སོ་རུང་ སྨན་གཡོགམོ་ཆ་རོགས་ཅིག་ ཐོབ་མ་ཚུགསཔ་ལས་ དཀའ་ངལ་ཡོད་ཟེར་ཨིནམ་ད་ རྒེད་འོག་དེ་ མཐའ་ཟུར་ལུ་ ཆགས་ནི་དེ་གིས་ གཞུང་ཁ་ཐུག་ལས་ ངོས་ལེན་མེདཔ་བཟུམ་འདུག་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ དབང་མོ་གིས་ འཚོ་བ་ལ་ནོར་ལུ་བརྟེན་ བཟའ་ཚང་འཚོ་སྐྱོང་སྡོད་དགོཔ་མ་ཚད་ གནམ་བྱཱར་དགུན་མེད་པར་ ལ་དང་ གངས་རི་ཚུ་ནང་ལས་ཕར་ ནོར་དང་གཅིག་ཁར་ སྡོད་དགོ་ནི་དེ་གིས་ ན་ཚ་རེ་བྱུང་པའི་སྐབས་ དཀའ་ངལ་སྦོམ་ར་འདུག་ཟེར་ཨིན་པས།
གློ་བུར་གྱི་ན་ཚ་ཕོག་སྟེ་ ཉིན་ལམ་ལས་བཅད་དེ་ སྨན་ཁང་ནང་འོང་པའི་ཤུལ་ལུ་ སྨན་པ་དང་ཕྱད་མ་ཚུགས་པར་ ལོག་འགྱོ་དགོཔ་ཐོན་མི་དང་ སྨན་བཅོས་ཀྱི་དོན་ལུ་ ཐིམ་ཕུག་དང་ སྤ་རོ་ལུ་ འོང་དགོཔ་བྱུངམ་མས་ཟེར་ཨིན་པས།
སྨན་པ་ཟླ་བ་རྒྱལ་མཚན་གྱིས་ སྲོས་རྒེད་འོག་གི་ སྨན་ཁང་ནང་ ལོ་༦ དེ་ཅིག་ ཕྱག་ཞུ་བཞིན་དུ་ཡོདཔ་ད་ དེ་གི་ ཧེ་མ་ མགར་ས་རྫོང་ཁག་ ལུང་ནག་ནང་ལུ་ ལོ་༤ གི་རིང་ ཕྱག་ཞུ་ཡི་ཟེར་ཨིན་པས།
སྲོས་རྒེད་འོག་སྨན་ཁང་ནང་ལས་ གློ་བུར་གྱི་རྐྱེན་ངན་ལུ་བརྟེན་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚར་༢ ལག་ ལེན་འཐབ་ཐོག་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་སྐྱེལ་འདྲེན་འབད་ཡི་ཟེར་ཨིན་པས།
སྲོས་རྒེད་འོག་དེ་ སྤ་རོ་རྫོང་ཁག་ལས་ ཉིན་ལམ་༢ དེ་ཅིག་གི་ས་གནས་ནང་ ཆགས་ཡོདཔ་ད་ རྒེད་འོག་ནང་ གུང་པ་༢༨ ལུ་ མི་རློབས་༢༠༠ ལྷགཔ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། སྲོས་རྒེད་འོག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *