གསོ་བའི་འགོ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ ནད་བརྟག་འབད་བའི་བསྒང་།

སྲོས་དང་ གླིང་བཞི་ལུ་ ནད་གཞི་བརྟག་དཔྱད་དང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ།

༉ གསོ་བའི་སྡེ་ཚན་ཅིག་གིས་ ཐིམ་ཕུག་རྫོང་ཁག་འོག་གི་ མཐའ་ཟུར་ས་གནས་ སྲོས་དང་ གླིང་བཞི་རྒེད་འོག་༢ ནང་ སྤྱིར་བཏང་མི་མང་གི་དོན་ལུ་ ནད་གཞི་བཀག་ཐབས་ཀྱི་ བརྟག་དཔྱད་འབད་བའི་ཁར་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་སྟེ་བདུན་ཕྲག་ལང་ནུག།
གསོ་བའི་སྡེ་ཚན་དེ་གིས་ སྤྱི་ཟླ་༩ པའི་ཚེས་༦ ལུ་ སྲོས་རྒེད་འོག་ལས་ གླིང་བཞི་རྒེད་འོག་གི་ སྤྱད་སྦིས་ས་ཚུན་ མི་སེར་དང་ སློབ་ཕྲུག་བསྡོམས་༢༦༦ ལུ་ ནད་གཞི་བརྟག་དཔྱད་དང་ སྨན་བཅོས་ དེ་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༠ ལུ་ སྤྱད་སྦིས་ས་གཡུས་ཚན་ནང་ མི་གྲངས་༧༩ ལུ་ གསོ་བའི་ཞབས་ཏོག་སྤྲོད་ཚུགས་མི་དེ་ གཡུས་ཚན་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ དཀོན་མཆོག་དབང་འདུས་ཀྱིས་ སླབ་མིའི་ནང་ ནད་གཞི་བརྟག་དཔྱད་ཀྱི་ ཞབས་ཏོག་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སྔ་གོང་ལས་ ནད་གཞི་ཚུ་ ངོས་འཛིན་འབད་ནི་དང་གཅིག་ཁར་ སྨན་བཅོས་འབད་ཚུགས་ནི་ དེ་ལས་ མ་འོངས་པའི་ནང་ ནད་གཞི་མགུ་རྙོགས་དྲགས་ཅན་ཚུ་ བཀག་ཐབས་འབད་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འགོ་དཔོན་དང་འཁྲིལ་བ་ཅིན་ གཞུང་གིས་ ལམ་སྟོན་ཡང་ ས་གནས་མཐའ་ཟུར་ལས་ཕར་ གསོ་བའི་ཞབས་ཏོག་ ལྷོད་མ་ཚུགས་མི་ཚུ་ནང་ བྱིན་ནིའི་དོན་ལུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
གསོ་བའི་ཞབས་ཏོག་ཚུ་ཡང་ དཔྱེ་འབད་བ་ཅིན་ སོ་དང་ རྣམ་ཅོ་ ལྷ་པ་ ཨོལ་ལྐོག་ དེ་ལས་ མིག་ཏོ་ཚུ་ བརྟག་ཞིབ་འབད་ཞིནམ་ལས་ སྨན་བཅོས་དང་ བསླབ་སྟོན་ དེ་ལས་ གོ་བརྡ་ཚུ་ སྤེལ་དོ་ཡོདཔ་ཨིན་པས།
རྒེད་འོག་༢ ཀྱི་མི་སེར་ཚུ་ལུ་ འབུ་ནད་མེན་པའི་ནད་གཞི་ དཔྱེ་འབད་བ་ཅིན་ ཁྲག་ཤུགས་དང་ གུ་རམ་ནད་གཞི་ དེ་ལས་ ལུས་འབྲེལ་སྤེལ་བའི་ ནད་གཞི་ཨེཆ་ཨའེ་བི་དང་ མཆིན་པའི་ནད་གཞི་བི་དང་ སི་ བསེམོ་ མངལ་སྒོའི་ཀེན་སར་ དེ་ལས་ ངག་ཐོག་ལས་ གསོ་བའི་ཞབས་ཏོག་ཚུ་བྱིན་ཡི།
གཞུང་གིས་ ལ་གོང་༣ གྱི་ མི་སེར་ཚུ་གི་དོན་ལུ་ གཞི་རྟེན་སྨན་ཁང་འབྲིང་མ་གཞི་བཙུགས་ཡོདཔ་བཞིན་དུ་ གསོ་བའི་ཞབས་ཏོག་ཡང་ གཞི་རྟེན་རྐྱངམ་གཅིག་ལས་བརྒལ་ བྱིན་མི་ཚུགས་པས་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ མི་སེར་ཚུ་ལུ་ འཐུང་ཆུ་དང་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པའི་སྐོར་དང་ བད་ཀན་དང་ མཛེ་ནད་ མངལ་སྒོའི་ཀེན་སར་ ཨེཆ་ཨའེ་བི་ དེ་ལས་ ཆང་གི་ནད་གཞི་ཚུ་གི་སྐོར་ ཤེས་ཡོན་སྤེལ་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ དཀོན་མཆོག་དབང་འདུས་དང་འཁྲིལ་བ་ཅིན་ རྒེད་འོག་ཚུ་ འབྲུག་དང་ རྒྱ་ནག་གི་ས་མཚམས་ ཕག་རི་བརྒལ་ཏེ་ ཚོང་འབྲེལ་འཐབ་པའི་སྐབས་ ན་གཞོན་ཚུ་གིས་ ཨམ་སྲུ་ཚུ་དང་ ལུས་འབྲེལ་འབད་དོ་ཡོད་པའི་ལོ་རྒྱུས་ཚུ་ གོ་དོ་ཡོདཔ་ལས་ དེ་གིས་ ནད་གཞི་འཐོབ་ཉེན་ རྒྱ་ཆེ་དྲགས་སྦེ་འདུག་ཟེར་ཨིན་པས།
རྫོང་བདག་རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ འདས་པའི་ཟླཝ་ཚུ་ནང་ རྒེད་འོག་གཉིས་ནང་ འོང་ཡོད་རུང་ ད་རེས་བཟུམ་སྦེ་ མི་སེར་ཚུ་དང་ཕྱད་དེ་ དུས་ཡུན་རིངམོ་སྦེ་ ལོ་རྒྱུས་ཕར་ཚུར་སླབ་སྟེ་ མ་སྡོད་ཟེར་ཨིནམ་ད་ ད་རེས་ རྫོང་ཁག་གི་འགོ་དཔོན་ཚུ་ཁྱིད་དེ་ འོང་དགོ་མི་གནད་དོན་གཙོ་བོ་ར་ གླིང་བཞི་རྫོང་ཉམས་གསོ་ཞུ་མི་དེ་ བརྟག་ཞིབ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གནད་དོན་གཉིས་པ་དེ་ རྒེད་འོག་ག་རའི་ མི་སེར་ཚུ་དང་ཕྱད་ཞིནམ་ལས་ དཀའ་ངལ་དང་ གདོང་ལེན་ དེ་ལས་ འདས་པའི་འཆར་གཞི་གོང་འཕེལ་གྱི་ ལས་སྣ་ཚུ་གིས་ ག་དེ་སྦེ་ ཕན་རླབས་བྱུང་ཡོདཔ་ཨིན་ནའི་ ཞིབ་དཔྱད་འབད་བར་ཨིན་ཟེར་ཨིན་པས།
དབྱར་རྩྭ་དགུན་འབུབ་ལུ་བརྟེན་ རྒེད་འོག་༢ ཀྱི་མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་དོ་ཡོད་མི་དེ་ ད་ལས་ཕར་ ག་དེ་སྦེ་ ལག་ལེན་འཐབ་དགོཔ་ཨིན་ན་དང་ མ་འོངས་ཡུན་བརྟན་ དེ་ལས་ ཁེ་ཕན་ཅན་སྦེ་ སྤྱོད་ ཚུགས་ནིའི་དོན་ལུ་ བསླབ་བྱ་དང་ ཤེས་ཡོན་སྤེལ་བར་འོང་ཡི་ཟེར་ རྫོང་བདག་རྡོ་རྗེ་ཚེ་རིང་གིས་ སླབ་ཨིན་པས།
ལྷག་པར་དུ་ ས་གནས་གཞུང་གི་འགོ་དཔོན་ཚུ་གིས་ གླིང་བཞི་དྲུང་ཁག་ནང་ གྲོས་བསྟུན་ཞལ་འཛོམས་འཚོགས་ ཡོདཔ་བཞིན་དུ་ ས་གནས་གཞུང་ལས་ཕར་ རྩིས་ལོ་༢༠༡༩ དང་༢༠༢༠ གི་ གསར་སྒྲུབ་དང་ འཆར་གཞི་ལས་སྣ་གུ་ ཁ་ གསལ་སྦེ་ གསུང་གྲོས་གནང་པའི་ཁར་ འཆར་ལོ་༢༠༢༠ དང་༢༠༢༡ དེ་ལས་ འཆར་གཞི་༡༢ པའི་ལོ་༥ ལས་སྣ་དང་ ལས་ རིམ་ དེ་ལས་ གྲུབ་འབྲས་བརྡ་སྟོན་ཆིངས་ཡིག་གུ་ གསུང་གྲོས་གནང་ཐོག་ལས་ མཇུག་བསྡུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། གླིང་བཞི།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *