གྱང་མགོ་ཐང་གཡུས་ཚན།

སྲོས་ཀྱི་མི་ཚུ་གིས་ ད་ལྟོ་ཡང་ དབྱར་རྩྭ་དགུན་འབུབ་ བཙོང་མ་ཚུགས་པར་ཡོདཔ།

༉ ལ་གོང་གསུམ་གྱི་ མི་ཚུ་གི་དོན་ལུ་ འོང་འབབ་བཟོ་ནིའི་ ཐབས་ལམ་ངོ་མ་ཅིག་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་དེ་ ཚོང་འབྲེལ་འཐབ་ནི་དེ་ཨིན་རུང་ དུས་ཅི་ ཐིམ་ཕུག་ སྲོས་རྒེད་འོག་གི་ མི་ཚུ་གིས་ འབུབ་ཚུ་བཙོང་མ་ཚུགསཔ་ཨིན་པས།

ད་རེས་ འབུབ་ཚུ་ རང་སོའི་ཁྱིམ་ནང་ བདག་འཛིན་འཐབ་སྟེ་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཚུ་གི་དོན་ལུ་ སྒུག་དོ་ཡོདཔ་ཨིན་རུང་ ཡུན་རིངམ་ད་ མེདཔ་ཐལ་བའི་ ཚ་གྱང་ཡོདཔ་ཨིན་པས།

རྡོ་གི་ལ་ཅུ་ལས་ སྐྱེས་ལོ་༥༦ ལང་མི་ པདྨ་མཁའ་འགྲོ་གིས་ སླབ་མིའི་ནང་ ཁོ་རའི་ ཚ་བོ་དེ་གིས་ འབུབ་དུམ་གྲ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ཨིན་རུང་ བཙོང་མ་ཚུགས་ཟེར་ཨིན་པས།

ཨ་རྟག་བཟུམ་སྦེ་ གཞུང་གིས་ སྤ་རོ་འབྲུག་རྒྱལ་ལུ་ འབུབ་ཀྱི་རིན་བསྡུར་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ ཕྱིར་བཙོང་པ་ཚུ་གིས་ གོང་ཚད་ལེགས་ཤོམ་ མ་བྱིན་མི་ལུ་བརྟེན་ བཙོང་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།

ཁོ་ལུ་ འབུབ་ཕུད་རྡོག་༢༠༠ དེ་ཅིག་ཡོད་མི་ཚུ་ ད་ལྟོའི་བར་ན་ཡང་ བདག་འཛིན་འཐབ་སྟེ་ར་ བཞག་ཡོདཔ་ཨིན་རུང་ འཚོལ་མི་མི་འཐོན་པས་ཟེར་ཨིནམ་ད་ རིན་བསྡུར་གྱི་སྐབས་ལུ་ འབུབ་ཉོ་མི་ཚུ་གིས་ ཁོང་གི་འབུབ་ཚུ་ སྤུས་ཚད་ལྡན་ཏོག་ཏོ་མིན་འདུག་ཟེར་ སླབ་དེས་ཟེར་ཨིན་པས།

ག་ར་སྟེང་ལས་ སྐྱེས་ལོ་༣༠ ལང་མི་ ཕུན་ཚོགས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ མོ་གིས་ དབྱར་རྩྭ་དགུན་འབུབ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ ཐོབ་དོ་ཡོདཔ་ཨིན་རུང་ དུས་ཅི་ བཙོང་མ་ཚུགས་ཟེར་ཨིན་པས།

དེ་མ་ཚད་ དུས་ཅི་ ལ་བདའ་སྟེ་ འབུབ་ཀྱི་ཐོན་སྐྱེད་ཡང་ ལེགས་ཤོམ་མེད་པའི་ཁར་ གངམ་འཐོབ་མ་ཚུགས་ཟེར་ཨིན་པས།

སྐྱེས་ལོ་༣༧ ལང་མི་ ཉིམ་ཚེ་རིང་གིས་ བཤད་མིའི་ནང་ ཨ་རྟག་འབད་བ་ཅིན་ ནོར་དང་གཅིག་ཁར་ དུམ་གྲ་རེ་འཐུ་མི་འབུབ་ཚུ་བཙོང་སྟེ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༧༠,༠༠༠ དེ་རེ་ འཐོབ་ནི་ཡོད་ཟེར་ཨིན་པས།

དུས་ཅི་ འབུབ་ཕུད་རྡོག་༢༠༠ དེ་ཅིག་ འཐུ་མི་དེ་ ད་ལྟོའི་བར་ན་ཡང་ ཁྱིམ་ནང་ར་ བཞག་སྟེ་ཡོདཔ་ལས་ མེདཔ་ཐལ་འོང་ག་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།

མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ དབྱར་རྩྭ་དགུན་འབུབ་ཚུ་ ཡུན་རིངམོ་སྦེ་ར་ གསོག་འཇོག་འབད་དེ་ བཞག་པའི་སྐབས་ འབུབ་རྐྱབ་སྟེ་ མེདཔ་ཐལ་ནི་ཡོད་རུང་ ལ་ལོ་ཅིག་གིས་འབད་བ་ཅིན་ ས་ཁ་མཐོ་སར་ མགྱོགས་པར་མེདཔ་མི་ཐལ་ཟེར་ སླབ་མི་ཡང་འདུག།

དང་མགོ་སྐྱོང་ལས་ སྐྱེས་ལོ་༣༥ ལང་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོ་གིས་ དབྱར་རྩྭ་དགུན་འབུབ་བཙོང་སྟེ་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ འཐོབ་ནི་ཡོད་རུང་ དུས་ཅི་ དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་མ་གཏོགས་ མི་འཐོབ་ནི་མས་ཟེར་ཨིན་པས།

ཨིན་རུང་ ད་ལྟོ་ བཙོང་མ་ཚུགས་ནི་དེ་གིས་ སླབ་མི་ཤེས་པས་ཟེར་ཨིནམ་ད་ འབུབ་ཚུ་ ད་ལྟོ་ མེདཔ་མི་ཐལ་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

སྲོས་ཀྱི་དམངས་མི་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ དུས་ཅི་ དབྱར་རྩྭ་དགུན་འབུབ་ཚུ་ ཧེ་མ་བཟུམ་སྦེ་ བཙོང་མ་ཚུགས་མི་དེ་ ནད་ཡམས་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ འབུབ་ཉོ་མི་ཚུ་གིས་ འབུབ་ཚུ་ ཕྱི་རྒྱལ་ལུ་ བཙུགས་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ སླབ་མི་ལུ་བརྟེན་ཏེ་ཨིན་པས།

ཨིན་རུང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལས་ འབྲུག་རྒྱལ་ལུ་ འགོ་འདྲེན་འཐབ་མི་ རིན་བསྡུར་གྱི་སྐབས་ལུ་ བཙོང་མ་ཚུགས་མི་འབུབ་ཚུ་ གཞན་ཁར་ རིན་བསྡུར་འབདཝ་ད་ འབག་ཆོག་པའི་ལག་ཁྱེར་ཚུ་བྱིན་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ བཙོང་ཚུགས་ཡོདཔ་ད་ ལ་ལོ་ཅིག་གིས་ ད་ལྟོའི་བར་ན་ཡང་ བཙོང་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་མ་ཚུགས་པ་ཅིན་ འབུབ་ཚུ་མེདཔ་ཐལ་ནིའི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *