སྲོག་གཅོད་ནང་ འབྲེལ་གཏོགས་འབད་མི་ དོགས་ཅན་ཅིག་ འཛིན་བཟུང་།

༉ འདས་པའི་བདུན་ཕྲག་ནང་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ སྒོམ་དར་རྒེད་འོག་ སྤྱི་མཐོང་མཁར་སྤྱི་འོག་ནང་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ དང་བླང་མེན་པའི་ རྟོགས་མེད་གདོང་ཐུག་ལུ་བརྟེན་ སྲོག་གཅོད་ནང་ འབྲེལ་གཏོགས་འབད་མི་ སྐྱེས་ལོ་༢༤ ལང་མི་ དོགས་ཅན་ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༥ གི་ནུབ་མོ་བྱུང་ཡོདཔ་ད་ གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ དེ་ཚེ་ནུབ་མོའི་ ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ སྤྱི་མཐོང་མཁར་ཚོགས་པ་གིས་ སྙན་ཞུ་འབད་དེས་ཟེར་ཨིནམ་ད་ ས་ཁོངས་ནང་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ བྱུང་རྐྱེན་དེ་ གཡུས་ཁའི་ མི་ཅིག་གི་ཁྱིམ་ནང་ ལོ་ཆོག་བཏང་སར་ བྱུང་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
དོགས་པ་ཅན་ཕོ་སྐྱེས་དེ་ སྤྱི་ཚེས་༡༦ ལུ་ གཞི་རྟེན་སྨན་ཁང་ནང་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁོ་ལུ་ དྲི་དཔྱད་འབད་བའི་སྐབས་ ཚེ་འདས་ཕོ་སྐྱེས་དེ་གིས་ ཁོ་ལུ་ ཁོང་ཁྲོ་ལངས་བཅུག་ནི་དེ་གིས་ མཛོག་ཕུ་དང་ རྡོག་ཐེ་བླུགས་བྱིན་ཡོདཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ དེ་ཚེ་ ལོ་ཆོག་ནང་ སོང་མི་ལུ་བརྟེན་ ཆང་འགྲངས་སོ་ནུག་ཟེར་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ ད་རུང་ མི་ཅིག་གིས་ མཛོག་ཕུ་བླུགས་བྱིནམ་ལས་ ཚེ་འདས་ཀྱིས་ བླུགས་བླུགསཔ་འོང་ནི་མས་ཟེར་མནོ་སྟེ་ ཚེ་འདས་དེ་ བདའ་འགྱོ་བའི་སྐབས་ ཐབ་ཚང་ནང་ གཡིབ་སྡོད་སར་ མཐོང་ཅི་ཟེར་ཨིན་པས།
ཁོ་གིས་ ཐབ་ཚང་གི་རྣལ་ལྕགས་ བཅགས་དཀྲུམ་འབད་ཞིནམ་ལས་ ནང་ན་འཛུལ་ཏེ་ ཐབ་ཤིང་ཅིག་འཐུ་སྟེ་ ཚེ་འདས་ཀྱི་ མགུ་ཏོ་གུ་ བླུགས་བྱིནམ་ད་ ཤིང་དེ་ བཅགས་ཡར་སོཔ་ལས་ ད་རུང་ ཐབ་ཤིང་སོ་སོར་ཅིག་གིས་ བླུགས་བྱིན་ནི་དེ་གིས་ དེ་ནང་ར་ དྲན་མེད་སོང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ གསོ་བའི་བརྟག་དཔྱད་དང་འཁྲིལཝ་ད་ དོགས་ཅན་གྱིས་ ཚེ་འདས་ཀྱི་ མགུ་ཏོ་གུ་ ཐབ་ཤིང་བླུགས་བྱིན་ནི་དེ་གིས་ ཐོདཔ་བཅགས་དཀྲུམ་འབད་ཡོདཔ་མ་ཚད་ ཁྲག་ལེ་ཤ་འཛགས་མི་ལུ་བརྟེན་ དེ་ནང་ར་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དོགས་ཅན་གྱིས་ ཉེས་ལས་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་བཞིན་དུ་ སྲོག་གཅོད་ཀྱི་དོན་ལུ་ ལག་ལེན་འཐབ་མི་ ཐབ་ཤིང་དེ་ཡང་ རྩིས་ལེན་ཡོདཔ་བཞིན་དུ་ ད་རེས་ བྱུང་རྐྱེན་སྐབས་ཡོད་མི་ མི་ཚུ་ཡང་ དྲི་དཔྱད་ཀྱི་དོན་ལུ་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ནང་ འབོ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *