ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་གྱི་དེད་གཡོགཔ་ཚུ་ རྒྱ་གར་གྱི་ ས་གོ་ཅིག་ནང་ ལྟོ་བཅིངས་བཟའ་བའི་བསྒང་།

སྲུང་སྐྱོབ་ཀྱི་སྐྱེལ་མ་སྦེ་སོང་མི་ བདེ་སྲུངཔ་༣ དང་ ཊཱག་གི་དེད་གཡོགཔ་༢ ཟུར་བཞག་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ བདེ་སྲུངཔ་སྐྱེལ་མ་༣ དང་ སྣུམ་འཁོར་ཊཱག་དེད་གཡོགཔ་༢ ཀྱིས་ མནོ་བཞིན་བསམ་བཞིན་སྦེ་མེན་རུང་ སྐྱེལ་མའི་ཞབས་ཏོག་གི་ ཚད་ལྡན་ལག་ལེན་བྱ་སྒོ་དང་ འགལ་ཡོད་མི་ལུ་བརྟེན་ ཉིན་གྲངས་༢༡ གི་དོན་ལུ་ ཟུར་བཞག་ནང་བཞག་ནུག།

དེ་ཡང་ སྤྱི་ཟླ་༢ པའི་ཚེས་༣ ལུ་ སྣུམ་འཁོར་གྱི་ སྲུང་སྐྱོབ་སྐྱེལ་མ་སྦེ་སོང་མི་ བདེ་སྲུངཔ་༣ དང་དེད་གཡོགཔ་༢ དང་གཅིག་ཁར་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འོང་ཡོདཔ་ཨིན་པས།

གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ སྤྱི་ཚེས་༣ ལུ་ ཕུན་ཚོགས་ལས་ འོང་པའི་སྐབས་ རྒྱ་གར་གྱི་ ས་མཚམས་ཁྲོམ་ཇའི་སྒང་ལུ་ སྣུམ་འཁོར་ལེ་ཤ་ ཐོགས་ལུསཔ་ལས་ འབྲུག་པའི་ཊཱག་ཅིག་དང་ རྒྱ་གར་གྱི་ བའི་ཡེག་༢ ཐུག་རྐྱེན་བྱུངམ་ད་ རྩོད་རྙོགས་ཐོན་ཏེ་ ནང་འགྲིག་འབད་བའི་སྐབས་ འབྲུག་པའི་དེད་གཡོགཔ་དེ་ རྒྱ་གར་གྱི་ བའི་ཡེག་༼སྣུམ་འཁོར་འཁོར་ལོ་གཉིསམ༽ བཏང་མི་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ཨིན་པས།

གནས་ཚུལ་བྱིན་མི་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ བའི་ཡེག་བཏང་མི་དེ་ལུ་ དངུལ་ཀྲམ་༧༠༠ བྱིན་ཐོག་ ནང་འགྲིགས་འབད་ཡོད་རུང་ འབྲུག་པའི་དེད་གཡོགཔ་དེ་ རྒྱ་གར་གྱི་ མི་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ལས་ ཟུར་བཞག་འབད་དགོ་མི་ལུ་བརྟེན་ འབྲེལ་བ་ཅན་དང་གཅིག་ཁར་ཡང་ འབྲེལ་བ་མ་འཐབ་པར་ འོང་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༥ དེ་ཅིག་ཁར་ རྒྱ་གར་ཨ་སམ་གྱི་ས་གནས་ བིཇ་ནི་ཟེར་སར་ ད་རུང་ འབྲུག་པའི་ཊཱག་གཞན་ཅིག་དང་ རྒྱ་གར་གྱི་ སྣུམ་འཁོར་གེ་རེནཌ་ཨའི་ཊེན་དང་ཐུག་རྐྱེན་བྱུང་པའི་སྐབས་ གནད་དོན་དེ་ཡང་ སྦོམ་བཟོ་ཡོདཔ་ཨིན་པས།

གནས་ཚུལ་བྱིན་མི་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ གེ་རེནཌ་ཨའི་ཊེན་གྱི་ དེད་གཡོགཔ་དེ་གིས་ ཁོ་གི་ སྣུམ་འཁོར་བརྡུངས་མིའི་ རྒུད་འཐུས་དངུལ་ཀྲམ་༣༡,༠༠༠ དགོ་ཟེར་ འབྲུག་པའི་དེད་གཡོགཔ་དེ་ལུ་སླབ་རུང་ དེ་བསྒང་ ག་གིས་ཡང་ ཏི་རུ་འབག་སྟེ་མེདཔ་ལས་ བྱིན་མི་ཚུགས་ཟེར་ སླབ་ནུག་ཟེར་ཨིན་པས།

སྣུམ་འཁོར་ཚུ་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་ སྲུང་སྐྱོབ་སྐྱེལ་མའི་ཐོག་ལས་ འགྲོ་འགྲུལ་འབད་བའི་བསྒང་།

རྒྱ་གར་གྱི་ དེད་གཡོགཔ་དེ་གིས་ འབྲུག་པའི་དེད་གཡོགཔ་དེ་ དྲང་ནི་འབདཝ་ལས་ བདེ་སྲུངཔ་སྐྱེལ་མ་༣ ཡང་ སྣུམ་འཁོར་ཕྱི་ཁར་ཐོན་ཡོདཔ་ད་ ཁོང་གིས་ སྐྱེལ་མའི་ཞབས་ཏོག་གི་ ལག་ལེན་བྱ་སྒོ་དང་ འགལ་ཡོད་རུང་ དེད་གཡོགཔ་དེ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ཐབས་མེད་པར་ ཐོན་དགོཔ་བྱུང་ཡོདཔ་མ་གཏོགས་ མནོ་བཞིན་བསམ་བཞིན་དུ་ ཐོན་ཐོནམ་མེད་ཟེར་ བདེ་སྲུངཔ་སྐྱེལ་མ་ཅིག་གིས་ བཤདཔ་ཨིན་པས།

བདེ་སྲུངཔ་སྐྱེལ་མ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱ་གར་གྱི་ དེད་གཡོགཔ་དེ་གིས་ ཁོ་གི་སྣུམ་འཁོར་གྱི་ སྒོ་བརྡུངས་ཡོད་མི་དེ་ ཚབ་བཙུགས་ནིའི་དོན་ལུ་ ཧུན་ཌའི་ཤོ་རུམ་ནང་ འགྱོ་དགོཔ་སྦེ་ སླབ་ནི་དེ་གིས་ ཁོང་ཆ་ཁྱབ་ ཧེ་མ་ལས་ རྒྱ་གར་གྱི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ལས་ རྒྱ་གར་གྱི་ སྣུམ་འཁོར་ནང་ འཛུལ་སོང་ཡི་ཟེར་ཨིན་རུང་ ཁ་རས་སྤུབས་ ལག་པར་ལག་ཤུབས་བཙུགས་ཐོག་ལས་ ཀོ་བིཌ་-༡༩ འི་ ཉེན་སྲུང་ཐབས་ལམ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཤོ་རུམ་དེ་གིས་ཡང་ སྣུམ་འཁོར་བཟོ་འཐུས་ དངུལ་ཀྲམ་༣༡,༠༠༠ དེ་ཅིག་ གནས་ནི་ཨིནམ་སྦེ་ སླབ་མི་ལུ་བརྟེན་ དངུལ་ཀྲམ་༣༡,༠༠༠ སྤྲོད་ནིའི་ ཁ་བཟེད་ཐོག་ དངུལ་ཀྲམ་༡༠,༠༠༠ སྤྲོད་ཡོདཔ་བཞིན་དུ་ ལྷག་ལུས་དེ་ ཤུལ་མ་སྤྲོད་ནི་སྦེ་ བཞག་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ རྒྱ་གར་གྱི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ལས་ སྣུམ་འཁོར་གཞན་ཚུ་ལས་ མི་ཊར་༥༠༠ དེ་ཅིག་ ས་སྟོང་བཞག་ཐོག་ ཁོང་བདེ་སྲུངཔ་སྐྱེལ་མ་༣ དེ་ ཊཱག་གི་དེད་གཡོགཔ་དང་གཅིག་ཁར་ འོང་ཡོདཔ་བཞིན་དུ་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་པའི་ཤུལ་ལུ་ དེ་འཕྲོ་ལས་ ཟུར་བཞག་འབད་ཡི་ཟེར་ཨིན་པས།

ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཚུ་ སྣ་ཁྲིད་འབད་མི་ སྐྱེལ་མ་༤ དེ་ཅིག་ལས་ མེད་མི་ལུ་བརྟེན་ ཨ་རྟག་ར་ སྣུམ་འཁོར་༣༠ དང་༤༠ དེ་ཅིག་ བདག་འཛིན་འཐབ་ཐོག་ སྣ་ཁྲིད་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྣུམ་འཁོར་གྱངས་ཁའི་ ཚད་གཞི་ཅིག་ བཟོ་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ བདེ་སྲུངཔ་འཇིགས་མེད་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *