༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་ལུ་ ཤུལ་མའི་ཟླཝ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ སྲིད་དོན་དང་འབྲེལ་བའི་ ལས་སྣ་ཚུ་ འགོ་འདྲེན་འཐབ་ནི་ལས་ ག་དེ་དྲག་དྲག་ འཛེམ་དགོཔ་སྦེ་ ད་རིས་འབདཝ་ད་ ལན་ཐེངས་༢ ཡི་གུ་བྲིས་ནུག།
སྤྱི་ལོ་༢༠༡༨ ཟླ་༤ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ མཇུག་མ་བསྡུ་ཚུན་ཚོད་ སྲིད་དོན་གྱི་ལས་སྣ་ དཔེར་ན་ འདེམས་ངོ་གསརཔ་ཚུ་ ངོ་སྤྲོད་འབད་ནི་དང་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་ནི་ཚུ་ འཛེམ་གནང་ཟེར་ ང་གིས་ སྲིད་དོན་ཚོགས་པ་ཚུ་ལུ་ ཞུ་བ་འབདཝ་ཨིན་ཟེར་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ བཙག་འཐུ་ལྷན་ཚོགས་ཀྱི་དྲུང་ཆེན་ ཟླ་བ་བསྟན་འཛིན་གྱིས་བཏང་མི་ ཡི་གུ་དེ་ནང་ བཀོད་ཡོདཔ་ད་ འདི་བཟུམ་ཞུ་བ་འབད་མི་དེ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དོན་མེད་ཀྱི་ གོ་བ་བརྡ་ལོག་སྤྲོད་ནི་དང་ མགུ་འཐོམ་མི་བཅུག་ནིའི་དོན་ལུ་ཨིན་ཟེར་བཀོད་ནུག།
ཨིན་རུང་ སྲིད་དོན་གྱི་ ལས་སྣ་ཚུ་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བརྡ་བསྐུལ་འབད་ཞིནམ་ལས་ཚུར་ འགོ་འདྲེན་འཐབ་བཞིན་དུ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
དེ་ཡང་ སྲིད་ཚོགས་ཀྱི་ ཐོ་བཀོད་ནང་ལས་ ཕྱིར་བཏོན་འབད་མི་ འབྲུག་སྤྱི་དབང་ཚོགས་པ་གིས་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་སྟེ་ ཚོགས་པ་དེ་ འབྲུག་ཕུན་སུམ་ཚོགས་པ་དང་ མཉམ་བསྡོམས་འབད་ཡོད་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ སྲིད་ཚོགས་མཉམ་བསྡོམས་འབད་འབདཝ་མེད་པའི་ གནས་ཚུལ་གསར་བཏོན་འབད་ཡི།
ཁ་ཙ་ འབྲུག་ཀུན་མཉམ་ཚོགས་པ་གིས་ ལྷུན་རྩེ་སྨན་སྦིས་-བཙན་མཁར་གྱི་ འདེམས་ཁོངས་ལས་ ཤེས་རབ་ཕུན་ཚོགས་དང་ རྩི་རང་རྫོང་ཁག་ རྩི་རང་སྟོད་-པ་ཏ་ལི་འདེམས་ཁོངས་ལས་ ཌམ་བར་གི་མི་རེ་དེ་ འདེམས་ཁོངས་དེ་གཉིས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ནུག།
བཙག་འཐུ་ལྷན་ཚོགས་ཀྱིས་ དང་པ་ར་ སྤྱི་ཟླ་༢ པའི་ཚེས་༡༥ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་དགོ་པའི་ བཀའ་ཤོག་ཐོབ་ཡོད་མི་དང་བསྟུན་ སྲིད་དོན་ཚོགས་པ་ཚུ་ལུ་ སྲིད་ཚོགས་དང་འབྲེལ་བའི་ ལྟ་སྐོར་དང་ ལས་སྣ་ཚུ་ དེ་འཕྲོ་ལས་ མཚམས་འཇོག་འབད་དགོཔ་སྦེ་ ཡི་གུ་བྲིས་ནུག།
སྲིད་དོན་ཚོགས་པ་ཆ་མཉམ་ལུ་ དྲན་གསལ་ཞུ་ནི་དེ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་དང་ སྲིད་ཚོགས་ཀྱི་འགོ་འཛིན་ དེ་ལས་ འདེམས་ངོ་ཚུ་ རྫོང་ཁག་དང་ འདེམས་ཁོངས་ཚུ་ནང་ སྲིད་དོན་དང་འབྲེལ་བའི་ ལྟ་སྐོར་དང་ ལས་སྣ་ཚུ་ འགོ་འདྲེན་འཐབ་ནི་དེ་ དེ་འཕྲོ་ལས་ མཚམས་འཇོག་འབད་གནང་ཟེར་ དྲུང་ཆེན་ཟླ་བ་བསྟན་འཛིན་གྱིས་ ཡི་གུ་ནང་བཀོད་ནུག།
སྲིད་དོན་ཚོགས་པ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ལྷན་ཚོགས་ལས་ ཡི་གུ་གཉིས་པ་དེ་ ཁ་ཙ་ ཐོབ་ཅི་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་ནང་ བཀོད་མི་དང་འཁྲིལཝ་ད་ དམངས་གཙོའི་རིང་ལུགས་སྒྲིང་སྒྲི་བཟོ་ནི་དེ་ འབྲུག་པའི་མི་སེར་ཡོངས་ཀྱི་ འགན་ཁུར་རྩ་ཅན་ཨིནམ་མ་ཚད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགན་ཁུར་ལྕི་དྲགས་འབག་མི་དེ་ལུ་ སྲིད་ཚོགས་ཀྱི་ ཁ་ཐུག་ལས་ གུས་ཞབས་དང་ བརྩི་མཐོང་ཡོད་ཟེར་ཨིན་པས།
འདི་འབདཝ་ད་ སྲིད་དོན་ཚོགས་པ་ཚུ་ ཁོང་རའི་འདེམས་ངོ་ཚུ་ ངོ་སྤྲོད་འབད་ནི་དང་ ཐ་ན་ མི་སྡེའི་བརྡ་བརྒྱུད་ནང་གསལ་བཀོད་འབད་ནི་ དེ་ལས་ བརྡ་བརྒྱུད་ཀྱིས་ མི་མང་ལུ་ བརྡ་སྤེལ་འབད་ནི་ལས་ བཀག་འཛིན་འབད་མི་དེ་ འོས་ལྡན་ཅིག་མེན་པས་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་པའི་ཁར་ རྫོགས་ནི་མེད་པའི་ འབད་ཆོགཔ་དང་ མ་ཆོགཔ་བཟོ་མི་དེ་གིས་ མི་སྡེའི་ནང་ འདྲོག་འཇིགས་དང་ བློ་གཏད་མེདཔ་ དེ་ལས་ དོགས་ཟོན་བསྐྱེད་བཅུགཔ་མ་ཚད་ དེ་བཟུམ་མའི་ གནས་སྟངས་ནང་ དམངས་གཙོ་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲི་སྦེ་ རྩ་ལས་ར་ གཞི་བཙུགས་འབད་མི་ཚུགས་ཟེར་བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ སྲིད་ཚོགས་ཀྱིས་ ད་ལྟོ་ འདེམས་ངོ་གསལ་བསྒྲགས་འབད་ནི་གི་ འཆར་གཞི་མེདཔ་མ་ཚད་ ཚོགས་པའི་འདེམས་ངོ་ཚུ་ལུ་ཡང་ སྐུལ་བསྒྲགས་བཟུམ་ བརྩི་འཇོག་འབད་ནིའི་ འོས་འབབ་ཡོད་པའི་ ལས་སྣ་ཚུ་ནང་ འབྲེལ་འཛིན་མ་འབད་ཟེར་ བརྡ་དོན་སྤྲོད་དེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་མ་བསྡུ་ཚུན་ མི་སྡེའི་བརྡ་བརྒྱུད་ནང་ གསལ་བཀོད་འབད་ནི་ཚུ་ འཛེམ་འོང་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་པའི་ཁར་ ང་བཅས་ལྟ་སྐོར་ནང་ འགྱོ་མ་ཆོགཔ་ད་ འདེམས་ངོ་ཚུ་ གསལ་བསྒྲགས་འབད་ནི་དེ་ འོས་འབབ་མི་མཐོངམ་མས་ཟེར་ བཤདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གི་སྲིད་ཚོགས་ཀྱི་ ཁ་ཐུག་ལས་ བཙག་འཐུ་ལྷན་ཚོགས་ཀྱི་ བཀའ་རྒྱ་ལུ་ དམ་དམ་སྦེ་ གནས་དོ་ཡོདཔ་མ་ཚད་ གསལ་བཀོད་ཡང་ ག་ནི་ཡང་ འབད་ནི་མེད་ཟེར་ཨིནམ་ད་ ང་བཅས་ཀྱིས་ འདེམས་ངོ་ཚུ་ ས་ཁོངས་ཚུ་ལས་ ལོག་འབོ་ཡོདཔ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ གནད་དོན་དེ་གི་སྐོར་ ཚ་གྱང་ལང་མི་དེ་བདེན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ སྲིད་ཚོགས་ཀྱིས་ འདེམས་ངོ་གསརཔ་ གསལ་བསྒྲགས་འབད་འབདཝ་མེད་པའི་ཁར་ སྤྱི་ཚོགས་ཀྱི་ འཐུས་མི་ཆ་མཉམ་ར་ རང་སོའི་འདེམས་ཁོངས་ཚུ་ནང་ ལྟ་སྐོར་ལུ་ འགྱོ་ནི་དེ་ འཛེམ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཁྲིམས་ལུགས་འདི་ལུ་ གནས་དགོཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་དང་འབྲེལ་བ་མེདཔ་ གནས་དགོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བརྡ་བརྒྱུད་ཀྱིས་གནས་ཚུལ་ཁྱབ་སྤེལ།
ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་ལུ་ བརྡ་བསྐུལ་འབད་ཡོད་རུང་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ སྲིད་དོན་དང་འབྲེལ་བའི་ ལས་སྣ་ཚུ་གི་སྐོར་ བརྡ་སྤེལ་འབད་ཆོག་མི་ཆོག་སྐོར་ ཡིག་ཐོག་ལུ་ དྲན་གསོ་མ་འབད་བས
ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༨ ལུ་ བརྡ་བརྒྱུད་ལས་ཁང་ཚུ་དང་ བརྡ་བརྒྱུད་འདུམ་འགྲིགཔ་གི་བར་ན་ གོ་བརྡའི་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སྲིད་དོན་དང་འབྲེལ་བའི་ ལས་སྣ་ཚུ་གི་སྐོར་ལས་ གནས་ཚུལ་ཁྱབ་སྤེལ་འབད་ནི་ཚུ་ འཛེམ་དགོཔ་སྦེ་བཤད་ཅི།
ཀུན་གསལ་གྱིས་ གོ་མི་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་དང་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཚུ་གིས་ རང་སོའི་མི་སྡེ་བརྡ་བརྒྱུད་ གདོང་དེབ་ནང་ བཀའ་དྲིན་དགའ་ཚོར་གྱི་ གསལ་བཀོད་འབད་མི་ཚུ་ བཏོན་དགོཔ་སྦེ་ སླབ་ནུག་ཟེར་ཨིནམ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་སྡེའི་བརྡ་བརྒྱུད་ནང་ འདི་བཟུམ་མའི་ བསམ་བཤད་འབད་མི་ཚུ་ སྐུལ་བསྒྲགས་བཟུམ་ཅིག་ འགྱོ་ནི་ཨིནམ་ལས་ གདམ་ངོ་ཚུ་ལུ་ ཡོངས་འབྲེལ་འཆར་སྒོ་ནང་ འདི་བཟུམ་གསལ་བཀོད་འབད་མ་ད་ཟེར་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཀུན་གསལ་གྱིས་ སྲིད་དོན་ལས་སྣ་ཚུ་གི་སྐོར་ གནས་ཚུལ་བསྡུ་བཀོད་འབད་ནིའི་ཐད་ལུ་ དོགས་སེལ་འབད་དགོ་པའི་ ཞུ་བ་འབདཝ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་ ལན་མ་འདྲཝ་སྦེ་ བྱིན་ཡོད་མི་དེ་ཡང་ འགོ་དཔོན་ཅིག་གིས་འབད་བ་ཅིན་ རྫོང་ཁག་ཅིག་ནང་ གདམ་ངོའི་འཛོམས་འདུ་དེ་ མཇུག་བསྡུ་སྟེ་ཡོད་པ་ཅིན་ ལས་སྣ་ཚུ་གི་སྐོར་ལས་ གནས་ཚུལ་ཁྱབ་སྤེལ་འབད་ནི་ལུ་ སྟབས་མ་བདེཝ་ཅིག་ མི་མཐོངམ་མས་ཟེར་ཨིན་པས།
འགོ་དཔོན་གཞན་ཅིག་གིས་ ལྷན་ཚོགས་ཀྱི་ དྲུང་ཆེན་དང་ གྲོས་བསྟུན་འབད་བའི་ཤུལ་ལུ་ སླབ་མིའི་ནང་ བཙག་འཐུའི་བྱ་རིམ་དེ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ལས་ གནས་ཚུལ་ཁྱབ་སྤེལ་འབད་ནི་དེ་ འཛེམ་དགོ་ཟེར་ཨིནམ་ད་ འགོ་དཔོན་༣ པ་གིས་འབད་བ་ཅིན་ བརྡ་བརྒྱུད་ཀྱི་ གནས་ཚུལ་ཁྱབ་སྤེལ་ནང་ གྲོས་ཐག་ག་དེ་སྦེ་བཅད་ཡོདཔ་ཨིན་ན་ ཁོ་ར་ གྲལ་གཏོགས་མེད་ཟེར་ཨིན་པས།
དྲུང་ཆེན་ཟླ་བ་བསྟན་འཛིན་གྱིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་ལུ་ ཡི་གུ་བྲིས་ཡོདཔ་ལས་ བརྡ་བརྒྱུད་ལུ་ དོགས་སེལ་འབད་དགོཔ་མེད་ཟེར་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།