སྲིད་ཚོགས་ཐོ་བཀོད་འབད་མ་བཏུབ་པའི་ མཐོ་གཏུགས་སྙན་གསན་ མཇུག་ བསྡུ་ཡོདཔ།

༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་དགའ་སྐྱིད་ཚོགས་པ་ ཐོ་བཀོད་འབད་ནི་ལས་ ཆ་མེད་བཏང་ཡོད་པའི་ བརྒལ་ལན་ཕུལ་ཐོག་ལས་ སྙན་གསན་མཇུག་བསྡུ་ཡོདཔ་བཞིན་དུ་ འཁྲུན་ཆོད་དེ་ཡང་ འཕྲལ་མགྱོགས་ར་ གནང་ནི་ཟེར་ དྲང་དཔོན་གིས་ བཤད་ཅི།
བཙག་འཐུ་ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་གོངམ་ བསོད་ནམས་རྡོ་རྗེ་གིས་ དང་འདོད་ཅན་གྱི་ འབྲུག་དགའ་སྐྱིད་ཚོགས་པ་ སྲིད་ཚོགས་ཀྱི་གྲངས་སུ་ ཐོ་བཀོད་འབད་ནི་ལུ་ ངོས་ལེན་མ་འབད་མི་དེ་ཡང་ བཙག་འཐུ་བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ཏེ་ཨིན་ཟེར་ཞུ་ཡི།
ཁྲིམས་དོན་འགོ་དཔོན་གྱིས་འབད་བ་ཅིན་ མ་གཞི་ སྲིད་དོན་ཚོགས་པ་དེ་ དམངས་གཙོའི་རིང་ལུགས་ནང་ གལ་གནད་ཅན་ཅིན་ཨིན་རུང་ ཐོ་བཀོད་འབད་བའི་སྐབས་ འདེམས་ཁོངས་སོ་སོའི་ འཐུས་མི་ཚུ་གི་ མིང་ཐོ་ཚུ་ ལྷན་ཚོགས་ལུ་ ཕུལ་དགོ་ཟེར་ཨིན་པས།
དེ་གི་བརྒལ་ལན་ལུ་ རྩོད་རྩ་ཆོས་སྐུ་འབྲུག་པ་གིས་ འཐུས་མི་ཚུ་ཡང་ བཙག་འཐུ་ནང་ བཅའ་མར་གཏོགས་པའི་སྐབས་ ངོ་སྦྱོར་ཡི་གུ་ཚུ་ བཙུགས་དགོཔ་མ་གཏོགས་ ད་ལྟོ་ བཙུགས་དགོ་པའི་ བཅའ་ཁྲིམས་ག་ཅི་ནང་ཡང་ འཁོད་དེ་མིན་འདུག་ཟེར་ ཞུ་བའི་ཁར་ ད་རེས་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་མེན་པར་ ཐོ་བཀོད་འབད་ཐབས་ལུ་ ཞུ་ཡིག་བཙུགས་བཙུགསཔ་ཨིན་ཟེར་ཞུ་ཡི།
བཙག་འཐུ་བཅའ་ཁྲིམས་༢༠༠༨ མ་དང་འཁྲིལཝ་ད་ སྲིད་དོན་ཚོགས་པའི་ འཐུས་མི་ཚུ་ཡང་ གཞི་རྒྱ་ཆེཝ་སྦེ་དགོ་ཟེར་ བཀོད་དེ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ ཞུ་མིའི་ནང་ ལྷན་ཚོགས་ཀྱིས་ སྲིད་ཚོགས་ཀྱི་འཐུས་མི་ཚུ་ གཞི་རྒྱ་ཆེཝ་སྦེ་དགོ་ཟེར་ དོན་འགྲེལ་འབད་མི་དེ་ཡང་ ཐོ་བཀོད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་ ཚོགས་པ་དེ་ལུ་ འཐུས་མི་དང་ འདེམས་ཁོངས་༤༧ ཆ་མཉམ་གྱི་ནང་ གཏན་འཁེལ་མེན་རུང་ འདེམས་ངོ་ཚུ་གི་ མིང་ཐོ་དགོ་ཟེར་ཨིནམ་ད་ ང་བཅས་ཀྱིས་ སྲིད་ཚོགས་ག་ར་ལུ་ ཁྲིམས་ལུགས་ཅོག་འཐདཔ་སྦེ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
འབྲུག་དགའ་སྐྱིད་ཚོགས་པ་གིས་ ཏན་ཏན་མེད་པའི་ འདེམས་ངོ་༢༥ གི་ མིང་ཐོ་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་ཡོདཔ་ད་ ཆོས་སྐུ་འབྲུག་པ་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ འགོ་ཁྲིད་པའི་ ཉམས་མྱོང་མེད་མི་ལུ་བརྟེན་ སྲིད་ཚོགས་སྦེ་ ཐོ་བཀོད་འབད་ མ་བཏུབ་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ ཞུ་མིའི་ནང་ ཚོགས་པའི་ནང་ བདེན་ཁུངས་ཅན་གྱི་ འགོ་ཁྲིད་འབད་ཡོད་པའི་ ཉམས་མྱོང་མེདཔ་ལས་ ཡིད་ཆེས་འདྲོངས་མ་ཚུགས་པའི་ཁར་ བཙག་འཐུ་ནང་ དོ་འགྲན་འབད་ནི་ལུ་ གྲ་སྒྲིག་ལེགས་ཤོམ་ཅིག་ མ་འབད་བས་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཚོགས་པའི་འདེམས་ངོ་ མང་ཤོས་ར་ ན་གཞོན་ཡོད་པའི་ཁར་ ཧེ་མ་ འགོ་ཁྲིད་དང་འབྲེལ་བའི་ ལཱ་འབད་ཡོད་པའི་ གནས་ཐོ་མིན་འདུག་ཟེར་ཨིན་པས།
ཡོངས་གྲགས་ལུ་ ཇེག་སཱན་འབྲུག་པ་ཟེར་སླབ་མི་ རྩོད་རྩ་གིས་འབད་བ་ཅིན་ འདེམས་ཁོངས་ག་རའི་ནང་ལས་ ཚོགས་པ་ཐོ་བཀོད་འབད་བའི་སྐབས་ ཚང་དགོཔ་སྦེ་ཡང་མེད་རུང་ ཁོ་གི་ ཚོགས་པ་དེ་ ཐོ་བཀོད་འབད་མ་བཅུག་པའི་ཁར་ ཚོགས་པའི་འདེམས་ངོ་ཚུ་གི་ ལྕོགས་གྲུབ་མིན་འདུག་ཟེར་ སླབ་ནི་གི་ དབང་ཆ་དེ་ཡང་ ལྷན་ཚོགས་ལུ་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ སྲིད་དོན་ཚོགས་པའི་ནང་ འཐུས་མི་སྦེ་ འཛུལ་ནི་ལུ་ འོས་འབབ་ཡོད་ཟེར་ཨིན་པས།
ཁྲིམས་དོན་འགོ་དཔོན་གྱིས་ ཞུ་མིའི་ནང་ ཆོས་སྐུ་འབྲུག་པ་གིས་ ཁོ་རའི་ ཚོགས་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་ཡོད་མི་དེ་ ཁྲིམས་འགལ་ཨིནམ་ལས་ བཏོན་གཏང་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དང་འདོད་ཅན་གྱི་ ཚོགས་པའི་འཐུས་མི་ནང་ བླམ་དང་ ཆོསཔ་གི་མིང་ཐོ་ཡང་ བཙུགས་ཏེ་འདུག་ཟེར་ཨིནམ་ད་ བཅའ་ཁྲིམས་ནང་ ཆོས་དང་ སྲིད་ཐ་དད་ཨིན་ཟེར་ གསལ་རིལ་རི་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཆོས་སྐུ་འབྲུག་པ་གིས་ སླབ་མིའི་ནང་ ཁོ་རའི་ ཚོགས་པའི་ནང་ འཐུས་མི་ཚུ་ བླམ་ཆོསཔ་ཡོད་པ་ཅིན་ བདེན་དཔྱད་འབད་དགོཔ་ འོང་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ ཞུ་མིའི་ནང་ ཚོགས་པའི་ཁྱད་ཚད་ཚང་ནིའི་དོན་ལུ་ གོ་སྐབས་བྱིན་ཡོད་རུང་ ལྷན་ཚོགས་ལུ་དགོ་པའི་ཁྱད་ཚད་ ལ་ལོ་ཅིག་ བཅའ་ཁྲིམས་ནང་ར་ མིན་འདུག་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལུ་ ངོས་ལེན་འབད་མ་བཏུབ་པའི་ཤུལ་ལས་ ཆོས་སྐུ་འབྲུག་པ་གིས་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *