སྲིད་བྱུས་སྒྲིང་སྒྲི་སྦེ་ ལག་ལེན་མ་འཐབ་པའི་ དཀོན་ཨིན་ན?

༉ གཞུང་གིས་ དུས་ཅི་གི་སློབ་དུས་ནང་ ལོ་ཚད་མ་ལང་པར་ སློབ་གྲྭ་ནང་ འཛུལ་ཞུགས་འབད་བཅུག་མི་ སློབ་ཕྲུག་ཨ་ལོ་ཚུ་ དཔེ་ཆ་འཕྲོ་མཐུད་ལྷབ་ཆོག་པའི་གནང་བ་ གནང་མི་ལུ་བརྟེན་ ཚ་གྱང་ལང་སྟེ་ཡོད་མི་ སློབ་ཕྲུག་གི་ཕམ་ བརྒྱ་ལས་བཅད་མི་ཚུ་ སེམས་དགའ་སྟེ་འདུག།
སྲིད་བྱུས་ནང་ ཨ་ལོ་ཚུ་ སྐྱེས་ལོ་༦ ལངམ་ད་རྐྱངམ་གཅིག་ སློབ་གྲྭ་ནང་བཙུགས་པ་ཅིན་ དེ་གི་ཁེ་ཕན་དང་ གལ་གནད་ཚུ་ ཁ་གསལ་སྦེ་བཀོད་ཡོདཔ་མ་ཚད་ དེ་གི་སྐོར་ལས་ ཆ་མཉམ་གྱིས་ ཧ་གོ་སྟེ་འབད་རུང་ ཚུལ་མཐུན་གནས་མ་བཏུབ་མི་དེ་ ཧ་ལས་སི་སི་ཅིག་ཨིན་མས།
ཨིན་རུང་ གཞུང་གིས་ བློ་གསར་སློབ་རིམ་ནང་བཙུགས་མི་ སློབ་ཕྲུག་ཨ་ལོ་༨༩༠ གི་ འཛུལ་ཞུགས་ཆ་མེད་བཏང་མི་དེ་ ལོག་ཆ་འཇོག་གྲུབ་ཡོདཔ་ལས་ སློབ་ཕྲུག་གི་ཕམ་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
སྒེར་གྱི་སློབ་གྲྭ་ཚུ་དང་ ཨ་ལོའི་ཕམ་ཚུ་གིས་ སྡུག་སྐད་རྐྱབ་དགོ་པའི་ གནད་དོན་ངོ་མ་ར་ ཤེས་རིག་ལྷན་ཁག་གིས་ དུས་ཅི་ སློབ་དུས་འགོ་བཙུགས་ཏེ་ ཕྱེད་མཚམས་ཁར་ལྷོདཔ་ད་རྐྱངམ་གཅིག་ སྲིད་བྱུས་ལག་ལེན་འཐབ་ནི་དེ་གིས་ཨིནམ་ད་ མ་གཞི་ གཅིག་ལས་བལྟ་བ་ཅིན་ སྲིད་བྱུས་སྒྲིང་སྒྲི་སྦེ་ ལག་ལེན་མ་འཐབ་པའི་ དཀོན་ཅིག་ཨིན་མས།
ང་བཅས་རའི་ སྲིད་བྱུས་དང་ འཆར་གཞི་ དེ་ལས་ ལས་སྣ་ཚུ་ ལག་ལེན་འཐབ་ཐངས་ལུ་ལྟཝ་ད་ དམ་སྒྲིང་མེད་པར་ སྒོ་ཡངས་སུ་འཚམས་ཅིག་སྦེ་བཞག་པའི་ ཤེས་རྟོགས་བྱུངམ་ཨིན་མས།
དཔེ་འབད་བ་ཅིན་ ང་བཅས་ར་ བཟོ་སྐྲུན་མཇུག་མ་བསྡུཝ་ལས་ར་ སྒོ་འབྱེད་རྟེན་འབྲེལ་བརྩི་དོ་བཟུམ་སྦེ་ སློབ་དུས་འགོ་བཙུགས་ཚར་བའི་ཤུལ་ལས་ སྲིད་བྱུས་ལག་ལེན་འཐབ་ད་ འགན་འཁྲི་ག་ལུ་ཕོག་ནི་སྨོ?
བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ལོ་ཚད་ སྐྱེས་ལོ་༦ ཨིནམ་སྦེ་ སྲིད་བྱུས་ནང་བཀོད་དེ་ ལོ་ངོ་མང་རབས་ཅིག་ ལང་ཡོད་རུང་ ཚུལ་མཐུན་བསྟར་སྤྱོད་འབད་མ་ཚུགས་པའི་ གནད་དོན་དེ་ ཧ་གོ་མ་ཚུགས།
ཤེས་རིག་ལྷན་ཁག་གིས་ སྲིད་བྱུས་སྒྲིང་སྒྲི་སྦེ་ ལག་ལེན་འཐབ་མ་ཚུགས་པའི་ འཐུས་ཤོར་བྱུང་མི་ལུ་བརྟེན་ ལོ་ཨ་རྟག་ར་ ལོ་ཚད་མ་ལང་པའི་ཨ་ལོ་ཚུ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་བཅུག་པའི་ རྩོད་རྙོགས་ཅན་གྱི་ གནད་དོན་ཚུ་ ཐོནམ་ཨིན་མས།
ལྷན་ཁག་གིས་འབད་རུང་ གྲོས་ཐག་བཅད་ཚར་ཞིནམ་ལས་ འགྱུར་ལྡོག་མེད་པར་ ཚུལ་མཐུན་གནས་དགོཔ་མ་ཚད་ ང་བཅས་རའི་ ཨ་ལོ་ཚུ་གི་ མི་ཚེ་དོན་སྨིན་བཟོ་ནི་དང་ ཤེས་ཡོན་ལེགས་ཤོམ་བྱིན་ནིའི་དོན་ལུ་ སྲིད་བྱུས་དང་བསྟུན་ཏེ་ ལག་ལེན་འཐབ་དགོཔ་གལ་ཆེ།
སྤྱིར་བཏང་མི་མང་གི་མཐའ་དོན་ལུ་ ཚ་གྱང་འབག་སྟེ་ ཕན་གནད་ཆེ་བའི་ སྲིད་བྱུས་དང་ འཆར་གཞི་ཚུ་བརྩམས་རུང་ དེ་ལུ་ཚུལ་མཐུན་གནས་མི་དེ་ དཀོན་སུ་ཅིག་ཨིནམ་ད་ དེ་ཡང་ བར་ན་ལས་ བྱ་སྟབས་བདེ་མིན་གྱི་ གནས་སྟངས་སྣ་ཚོགས་ཤར་མི་དང་འཁྲིལ་ ཐབས་མེད་ངོས་ལེན་འབད་དགོཔ་ བྱུང་དོ་ཡོདཔ་ཨིན་མས།
རྒྱལ་ཡོངས་ཀྱི་གནས་ཚད་ཐོག་ལུ་ སློབ་ཕྲུག་གི་ཕམ་ཚུ་དང་ སློབ་གྲྭའི་ཇོ་བདག་༢ ཆ་ར་ལུ་ དམིགས་གཏད་བསྐྱེདཔ་མ་ཚད་ ཨ་ལོ་ཚུ་ ན་ཚོད་མ་སྨིནམ་ལས་ར་ སློབ་གྲྭ་ནང་ བཙུགས་མི་ལུ་བརྟེན་ ལཱ་ཁག་རྐྱབ་དོ་ཡོད་པའི་སྐོར་ལས་ ཧ་གོ་བཞིན་དུ་ཡོད་རུང་ རང་སོའི་ ཨ་ལོ་ཚུ་གི་ཐད་ཁར་ལྷོདཔ་ད་ སྲིད་བྱུས་ལས་བརྒལ་བའི་ ལཱ་འབད་ནི་ལུ་ ཐེ་ཚོམ་མེད་པའི་ མངོན་གསལ་བྱུངམ་ཨིན་མས།
སློབ་གྲྭ་དང་ ཨ་ལོའི་ཕམ་ཚུ་གིས་ དང་པ་ སྲིད་བྱུས་ལས་བརྒལ་བའི་ཁར་ གཉིས་པ་ཟེརཝ་ད་ གཞུང་ལུ་ ཆ་འཇོག་གནང་དགོ་པའི་ ཞུ་གཏུགས་འབདཝ་བཞིན་དུ་ གཞུང་གིས་འབད་རུང་ ངོས་ལེན་འབད་དེ་ གྲོས་ཐག་བཅད་མི་ལུ་ལྟཝ་ད་ རང་གིས་རང་ལུ་ དྲི་བ་བཀོད་དགོཔ་འདུག།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *