༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས།
སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ ཐོབ་ཚད་ལས་ ལྷག་སྟེ་ཐོབ་པའི་སྐབས་ གནས་རིམ་ཆུང་བའི་ ལས་བྱེདཔ་ཚུ་ལུ་ ཐོབ་ཚད་དང་འཁྲིལ་ཏེ་ དངུལ་ཕོགས་འཐོབ་མ་ཚུགས་པའི་ གནད་དོན་ཚུ་ བྱུང་ཡོདཔ་ཨིན་པས།
མང་ཤོས་ཅིག་གིས་ སླབ་མིའི་ནང་ དཀའ་ངལ་ཐོན་མི་དེ་ གཙོ་བོ་ར་ སྲིད་བྱུས་ཀྱིས་ རྒྱབ་སྐྱོར་མེད་ལུགས་དང་ བརྟན་འཇགས་ལཱ་གཡོག་མེདཔ་ལས་ ཉེན་སྲུང་དང་ལྡན་པའི་ དངུལ་ཕོགས་བྱིན་ནི་ལུ་ བར་རྐྱེན་བྱུང་སྟེ་འདུག་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྡེ་ཚན་ཅིག་གིས་ སྒེར་སྡེ་ཅིག་ནང་ ལཱ་འབད་དེ་ ཟླཝ་༨ ལྷག་སོ་རུང་ དངུལ་ཕོགས་བྱིན་མ་བཏུབ་ལས་ སྟབས་གཅིག་གུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
མ་གཞི་ སྡེ་ཚན་གྱིས་ ལས་གཡོག་ལྷན་ཁག་ལུ་ གནད་དོན་དེ་གི་སྐོར་ལས་ ཡང་བསྐྱར་སྦེ་ སྙན་ཞུ་འབད་རུང་ ངོས་ལེན་འབད་མ་བཏུབ་ཨིན་པས།
རྡོ་རྗེ་གིས་ ཐིམ་ཕུག་ཁྲོམ་གྱི་ སྒེར་སྡེ་ཅིག་གི་འོག་ལུ་ ལཱ་འབད་དེ་ ལོ་༡ ལང་སོ་རུང་ དངུལ་ཕོགས་བྱིན་མ་བཏུབ་པར་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བདེ་ཆེན་ལྷ་སྒྲོན་གྱིས་ སྒེར་གྱི་ཡིག་ཚང་ཅིག་ནང་ དངུལ་ཕོགས་དངུལ་ཀྲམ་༥,༠༠༠ སྦེ་ ལོ་༣ གྱི་རིང་ ལཱ་འབད་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་བཏང་ནི་དེ་གིས་ ལཱ་བཀོགབཞག་སྟེ་ ཕྱིའི་རྒྱལ་ཁབ་ མི་ཌིལ་ཨིསཊི་ལུ་ འགྱོ་དགོཔ་བྱུང་ཡི་ཟེར་ཨིན་པས།
ལཱ་གཡོག་ལས་ཁུངས་དང་འཁྲིལཝ་ད་ གནད་དོན་ཚུ་ སྣ་མང་ཐོག་ལས་ ཞིབ་དཔྱད་འབད་དགོཔ་འདུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ ལཱ་འབད་མི་གི་ རེ་འདོད་ལྟར་དུ་ ལཱ་བྱིན་མི་གིས་ དངུལ་ཕོགས་སྤྲོད་ནི་ལུ་ འོས་འབབ་ཡོད་མེད་བལྟ་དགོ་པས་ཟེར་ཨིནམ་མ་ཚད་ ནད་ཡམས་ཀོ་བིཌ་༡༩ གིས་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ད་རེས་ སྒེར་སྡེ་ཚུ་གིས་ དོ་འགྲན་འབད་བའི་བསྒང་འདུག་ཟེར་ཨིན་པས།
ལས་ཁུངས་ནང་ གླ་འཐུས་ཉུངམ་སྦེ་ སྤྲོད་པའི་གནད་དོན་བརྒྱ་ཆ་༨༠ དེ་ཅིག་གུ་ བརྟག་ཞིབ་འབད་མི་ སྡེ་ཚན་ཅིག་གིས་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་ ཞིབ་དཔྱད་འབདཝ་ད་ ཨིནམ་སྦེ་ཐོན་སོ་པ་ཅིན་ དེ་འཕྲོ་ལས་ ཉེས་བྱ་བཀལ་བའི་ཁར་ ལཱ་སྤྲོད་མི་ལུ་ དཀའ་ངལ་ཚུ་ བསལ་བཅུགཔ་ཨིན་ཟེར་ཨིན་པས།
འབྲུག་གི་ལས་མི་དང་ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༡༧༦ དང་འཁྲིལ་བ་ཅིན་ ལཱ་གཡོགཔ་༡༢ དང་ དེ་ལས་ལྷག་སྟེ་ཡོད་མི་ ལས་ཁང་གི་ལེའུ་༥ པ་དང་འཁྲིལ་ཏེ་ ལཱ་གཡོག་གན་འཛིན་ཡོད་མི་ ལཱ་གཡོགཔ་ཚུ་གིས་ ཁོང་རའི་རེ་འདོད་བཀོད་མི་ ངོ་ཚབ་སྦེ་ ལས་མིའི་མཐུན་ཚོགས་ཅིག་ གཞི་བཙུགས་འབད་ཆོག་ཟེར་ འཁོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ ལས་མིའི་མཐུན་ཚོགས་ཅིག་གིས་ ཚོང་ལས་ཁང་ཅིག་ནང་ ལས་མི་ཚུ་གི་ དབང་ཚད་དང་ རེ་འདོད་དང་འབྲེལ་བའི་ གནད་དོན་བྱུང་མི་ཚུ་གི་སྐོར་ལས་ འབྲེལ་ཡོད་ལས་མི་ཚུ་གིས་ ངོ་ཚབ་འབད་ནི་དང་ འབྲེལ་ཡོད་ལཱ་གཡོགཔ་ཚུ་གི་ ལཱ་གཡོག་གི་ ཁ་ཚིག་དང་ གནས་ཚིག་ཙུ་གི་སྐོར་ལས་ ལཱ་གཡོག་བྱིན་མི་དང་གཅིག་ཁར་ མཉམ་རུབ་གྲོས་མཐུན་ཐོག་ མོས་མཐུན་འབད་ཆོག་ཟེར་ཡོདཔ་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ གཞུང་གིས་ སྒེར་སྡེའི་ལས་ཁང་ཚུ་ལུ་ ལཱ་འབད་མི་ཚུ་གི་ དངུལ་ཕོགས་མངམ་བྱིན་དགོཔ་སྦེ་ བཀའ་རྒྱ་བྱིན་མི་ཆོག་ཟེར་ཨིནམ་ད་ དེ་ཡང་ ག་དེམ་ཅིག་ བྱིན་ནི་ཨིན་ན་དེ་ སྒེར་སྡེའི་འོས་འབབ་དང་ གནད་དོན་གཞན་མི་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
ད་རེས་ ལྷན་ཁག་གིས་ རྒྱལ་ཡོངས་ལས་མི་གི་ ཉུང་མཐའི་གླ་ཆ་དང་ རྒྱལ་ཡོངས་ལས་གཡོགཔ་གླ་ཆ་དེ་གིས་ ད་ལྟོའི་གནས་ཚད་ནང་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ ག་དེ་སྦེ་ཡོདཔ་ཨིན་ན་ འོང་འབབ་དང་ ཟད་འགྲོ་ དེ་ལས་ གཞན་མི་གནད་དོན་ཚུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
གལ་སྲིད་ རྒྱལ་ཡོངས་ལས་མི་ཉུང་མཐའི་གླ་ཆ་དེ་ དུམ་གྲ་ཅིག་ ཡར་སེང་འབད་བ་ཅིན་ སྤྱིར་བཏང་ལུ་ སྒེར་སྡེ་དང་ ཚོང་ལས་ཁང་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་ཨིནམ་ལས་ དེ་གིས་སྦེ་ ཚོང་ལས་ཁང་དང་ སྒེར་སྡེ་ཚུ་གིས་ ལཱ་འབད་མི་ཚུ་ བཏོན་གཏང་པ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་པའི་དཀའ་ངལ་དེ་ ཡར་སེང་འབད་ནིའི་ ཉེན་ཁ་འདུག་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།