ཚེ་རིང་དཔལ་འབྱོར།

སྲིད་དོན་ཚན་རིག་མཐོ་རིམ་སློབ་གྲྭ་ མཐར་འཁྱོལ་མི་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ དོ་འགྲན་འབད་ནི།

༉ གསར་སྤང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཐག་བཅད་མི་ ཚེ་རིང་དཔལ་འབྱོར་གྱིས་ ལས་རྒྱུ་འབྲས་དང་ ཐ་དམ་ཚིག་དེ་ བརྩི་མཐོང་ཅན་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།
འཇིགས་མེད་ཆོས་གླིང་རྒེད་འོག་ ཁ་སྟོད་ལས་འབད་མི་ ཚེ་རིང་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༡༠ ལུ་ རྒྱ་གར་ལས་ སྲིད་དོན་ཚན་རིག་ནང་ མཐོ་རིམ་སློབ་སྦྱོང་འབད་ཡོད་པའི་ཁར་ ཁོ་ལུ་ སྲིད་དོན་ཚན་རིག་མཐོ་རིམ་སློབ་གྲྭའི་ གཙུག་ལག་གཞི་རིམ་ཤེས་ཚད་ཀྱི་ ལག་ཁྱེར་ཡང་ ཡོདཔ་ཨིན་པས།
ཁོ་གིས་ གཞལམ་སྒང་ བུ་དྷ་ཤི་སློབ་གྲྭ་ཆུང་བའི་ནང་ ཁག་འབག་གི་ སློབ་དཔོན་འབད་བའི་ཤུལ་ལས་ འབྲུག་སྙན་ཆ་ཞིབ་འཚོལ་ལྟེ་བའི་ནང་ ལས་རིམ་འགོ་དཔོན་སྦེ་ ལོ་༥ འི་རིང་ ཕྱག་ཞུ་ཡོདཔ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཚེ་རིང་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་ན་ཆུང་ཀུ་སྦེ་ སྡོད་པའི་སྐབས་ལས་ར་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་ སྤྲོ་བ་ཡོད་ཟེར་ཨིནམ་ད་ ཁོ་གི་ ཕམ་སྤུན་ཆ་ཚུ་གིས་ཡང་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་དོན་ལུ་ མི་དབང་མཆོག་གི་གསོལ་རས་ དམངས་གཙོའི་གཞུང་དེ་ གྲུབ་འབྲས་ཅན་སྦེ་ བཟོ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགསཔ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འོས་འབབ་ཅན་གྱི་ ཁྲིམས་བཟོ་ནི་དང་ སྲིད་བྱུས་ཚུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ནི་ སའི་བཅའ་ཁྲིམས་དང་ སྐལ་བགོའི་བཅའ་ཁྲིམས་ དེ་ལས་ གཉེན་སྦྱོར་ལ་སོགས་པའི་ བཅའ་ཁྲིམས་དང་ རྩ་ཁྲིམས་ཆེན་མོ་ཚུ་གི་སྐོར་ལས་ མི་ཚུ་ལུ་ གོ་བརྡ་སྤེལ་ནི་ཟེར་ཨིན་པས།
ཁོ་གིས་ གསར་སྤང་རྫོང་ཁག་དེ་ རྫོང་ཁག་ཚུ་གི་གྲས་ལས་ རྫས་སྦྱོར་མེད་པའི་ སོ་ནམ་ཞིང་ལཱ་འབད་མིའི་ རྫོང་ཁག་ཅིག་སྦེ་ གོང་འཕེལ་གཏང་ནི་དང་ ཁྲིམས་ཚུ་ཧ་གོ་བཅུག་ནི་ གྲོང་གསེབ་ནང་ མི་ཚེའི་གནས་སྟངས་ སྒྲིང་སྒྲི་བཟོ་ནི་དང་ གཞི་རྟེན་ཤེས་ཡོན་གྱི་ ལས་རིམ་ བརྒྱ་ཆ་ལས་བརྒྱ་སྦེ་ར་ ཡོདཔ་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ བཙག་འཐུ་འགྲུབ་པ་ཅིན་ གཅིག་སྒྲིལ་དང་ གཅིག་མཐུན་གྱི་ ཞབས་ཏོག་སྤྲོད་ནི་ལུ་ ལྷན་ཐབས་འབད་ནི་ མི་སྡེའི་མཐུན་ལམ་ དངོས་ཅན་དང་ དངོས་མེད་ཀྱི་ལམ་སྲོལ་ ཉམས་སྲུང་གོང་འཕེལ་གཏང་ནི་ སྐམ་ཞིང་ ཆུ་ཞིང་དང་ རྩ་རིའི་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་དང་ ཨ་རྟག་ར་ ས་གནས་གཞུང་དང་ མི་སེར་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུ་ནི་དང་ ས་གནས་གཞུང་གི་བཅའ་ཁྲིམས་ བསྐྱར་ཞིབ་འབད་ནི་ལུ་ ལྷན་ཐབས་འབད་ནི་ མི་གཞན་གྱིས་ བསམ་འཆར་བཀོད་མི་ཚུ་ལུ་ ཉན་ནི་དང་ མི་ཚུ་གི་ དགོས་མཁོའི་ཚུ་ སྦ་གསང་མེད་པར་ དྲང་པོའི་ཐོག་ལས་ སླབ་ནི་ལུ་ བརྩི་མཐོང་བསྐྱེད་ནིའི་ ཁས་བླངས་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *