སྲིད་དོན་གྱི་དབང་དུ་མེན་པར་ འོས་ཁུངས་དང་འཁྲིལ་ཏེ་ཨིནམ།

༉ གཞུང་གིས་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ ལྟ་བཤལ་ལས་རིམ་དེ་ གཙོ་ཅན་ལས་རིམ་ནང་ བཙུགས་ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་ཡོད་རུང་ ཤུལ་ལས་ གསར་སྤང་རྫོང་ཁག་ལུ་ བསྒྱུར་བཅོས་འབད་མི་དེ་ སྲིད་དོན་གྱི་དབང་དུ་མེན་པར་ འོས་ཁུངས་དང་འཁྲིལ་ཏེ་ཨིན་ཟེར་ ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ རྒྱལཔོ་ གཅིག་གི་འོག་ལུ་ རྫོང་ཁག་༢༠ གི་ མི་སེར་ག་ར་གཅིག་ཨིན་པའི་ཁར་ ག་ར་མཐུན་འབྲེལ་གྱི་ཐོག་ལུ་ སྡོད་དགོཔ་སྦེ་ སྐུལ་བསྒྲགས་འབད་བའི་སྐབས་ ཞུ་ཡི་ཟེར་ཨིན་པས།
གཞུང་འཛིན་ཚོགས་པའི་ བསམ་འཆར་ལས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པ་གིས་ གནད་དོན་ཚུ་ སྲིད་དོན་གྱི་དབང་དུ་ ཐལ་བཅུགཔ་མ་ཚད་ མི་སེར་ཚུ་ དབྱེ་ཁག་བཟོཝ་མས་ཟེར་ཨིནམ་ད་ རྫོང་ཁག་ཚུ་གི་གྲས་ལས་ གནས་སྟངས་དེ་བཟུམ་བྱུང་མི་དེ་ གཞལམ་སྒང་རྫོང་ཁག་ཨིན་ཟེར་ ཨིན་པས།
ཨིན་རུང་ སྲིད་དོན་གྱི་དབང་ལུ་ ལུང་ཕྱོགས་༣ ངོས་འཛིན་འབད་མི་དེ་ ཤར་ཕྱོགས་དང་ དབུས་ཕྱོགས་ དེ་ལས་ ནུབ་ཕྱོགས་ལས་བརྒལ་མེདཔ་ལས་ འགོ་དང་པ་ གཙོ་ཅན་ལས་རིམ་བཟོ་བའི་སྐབས་ ལྟ་བཤལ་ལས་རིམ་དེ་ མགར་ས་དང་ དར་དཀར་ནང་ ལྷུན་རྩེ་ དེ་ལས་ གཞལམ་སྒང་རྫོང་ཁག་༤ བཞག་ཡི་ཟེར་ཨིན་པས།
ཨིན་རུང་ གསར་སྤང་རྫོང་ཁག་ལུ་ སྤོ་སོར་འབད་མི་དེ་ཡང་ ལྷོ་མཚམས་རྫོང་ཁག་དེ་ སྲིད་དོན་དབང་དུ་མེནམ་ ལས་ མི་རློབས་མངམ་ཡོད་པའི་རྫོང་ཁག་དང་ འདས་པའི་སྲིད་ཚོགས་ནང་ ལྡོག་ཕྱོགས་ཚོགས་པ་གིས་ ཕྱི་ རྒྱལ་གྱི་དོན་ལུ་ དགེ་ལེགས་ཕུག་དང་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ལྟ་བཤལ་སྒོ་ཕྱེ་དགོཔ་སྦེ་ ཨུ་ཚུགས་ རྐྱབ་པའི་ཁར་ ལྷག་པར་དུ་ སྤྱི་ཚོགས་ཀྱིས་ གནད་དོན་དེ་གི་ཐོག་ལུ་ ཆ་འཇོག་གྲུབ་ཚར་ཡི་ཟེར་ ཨིན་པས།
གསར་སྤང་རྫོང་ཁག་ནང་འབད་བ་ཅིན་ ལྟ་བཤལ་སྒོ་ཕྱེ་ནི་དེ་ འོས་འབབ་ཡོད་མི་དེ་ཡང་ དགེ་ལེགས་ཕུག་གི་གནམ་ཐང་ལུ་ ཁེ་ཕན་འབྱུང་ནི་དང་ ཁྲོམ་གོང་འཕེལ་གཏང་ཚུགས་ནི་ དེ་ལས་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ལྟེ་བ་ལུ་ འགྱོ་ནིའི་འོས་འབབ་སྦོམ་ཡོད་ཟེར་ བློན་པོ་གིས་ བཤད་ཅི།
གསར་སྤང་ལུ་བརྟེན་ གཞལམ་སྒང་དང་ རྩི་རང་ཀྲོང་གསར་རྫོང་ཁག་ལུ་ ཕན་ཐོགས་ཚུགས་པའི་འོས་འབབ་ ཡོད་ཟེར་ ཨིན་པས།
འདས་པའི་ལོ་ཚུ་ནང་ གསར་སྤང་དང་ཕྱདཔ་ད་ གཞལམ་སྒང་རྫོང་ཁག་ནང་ ལྟ་བཤལ་པའི་གྱངས་ཁ་ མངམ་ འོང་ཡོདཔ་བཞིན་དུ་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ དམིགས་གཏད་བསྐྱེད་མི་དེ་ཡང་ འཇམ་ཏོང་ཏོ་སྦེ་ འགྲུབ་ཚུགས་པའི་འོས་འབབ་ཡོདཔ་ལས་ གཙོ་རིམ་ཅན་གྱི་ལས་རིམ་དེ་ གསར་སྤང་ལུ་ བསྒྱུར་བཅོས་འབད་ཡི་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཧེ་མ་ལས་ར་ ཤར་ཕྱོགས་ཁ་ཐུག་ དབྱེ་ཁག་བཟོ་ཡོད་པའི་གུ་ དབུས་ཕྱོགས་ལུ་ཡོད་མི་ གཞལམ་སྒང་རྫོང་ཁག་དེ་ཡང་ གནས་སྟངས་དེ་ནང་ ལྷོད་ནུག་ཟེར་ཨིན་པས།
གཞལམ་སྒང་རྫོང་ཁག་དེ་ རྒྱབ་ཁར་ལུས་དོ་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ མ་དངུལ་ཐེར་འབུམ་༢.༣ བཞག་པའི་ཤུལ་ལས་ བསམ་རྩེ་རྫོང་ཁག་དེ་ ཨང་༢ པ་ཨིནམ་ད་ གསར་སྤང་རྫོང་ཁག་ནང་འབད་བ་ཅིན་ མ་ དངུལ་ས་ཡ་༩༠༠ ལས་བརྒལ་མེད་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱིས་ གཞལམ་སྒང་རྫོང་ཁག་དེ་ རྒྱབ་སྐྱུར་བཞག་དོ་ཟེར་ ག་དེ་སྦེ་ སླབ་ཚུགསཔ་ཨིན་ན་དང་ དེ་སྦེ་ཨིན་པ་ཅིན་ ཤར་ཕྱོགས་རྫོང་ཁག་ག་ར་ རྒྱབ་ཁར་བསྐྱུར་བཞག་དགོ་ནི་མས་ཟེར་ ཨིན་པས།
གཞུང་སྐྱོང་གི་ལྟ་བ་དང་ གཞི་རྩ་དང་བསྟུན་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནིའི་གུ་ གཞི་བཞག་ཐོག་ལས་ གཞུང་གིས་ ཕྱག་ལཱ་གནང་ཡི་ཟེར་ཨིནམ་ད་ གཙོ་ཅན་ལས་རིམ་ནང་ མ་དངུལ་ས་ཡ་༡༡ ལས་བརྒལ་མེད་མི་དེ་གིས་ ཁྱད་པར་སྦོམ་ཅིག་ བཟོ་མི་ཚུགས་ཟེར་ཨིན་པས།
པཱན་སྦང་ལུ་ཡང་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ བཞག་ཡོད་མི་དེ་ ཆུ་ཁ་རྫོང་ཁག་ རྩི་མ་གཤམ་ལུ་ བྱིན་ནིའི་ འོས་འབབ་ཡོད་རུང་ གོ་སྐབས་མ་སྤྲོད་མི་དེ་ སྲིད་དོན་གྱི་དབང་དུ་མ་ཐལ་ཟེར་ ཨིན་པས།
ད་ལྟོ་ ལྡོག་ཕྱོགས་ཚོགས་པ་གིས་ དེ་བཟུམ་གྱི་ དཀའ་ངལ་བྱིན་མི་དེ་ ཧེ་མ་ དེ་བཟུམ་གྱི་ ཕྱག་ལཱ་གནང་མི་ལུ་བརྟེན་ཨིན་ཟེར་ བཤད་ཅི།
བློན་པོ་གིས་ གནད་དོན་དེ་གི་ཐོག་ལུ་ བཤད་མི་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༥ ལུ་ ལྡོག་ཕྱོགས་ཚོགས་པ་གིས་ གཞལམ་སྒང་རྫོང་ཁག་ལུ་ དམིགས་བསལ་གཙོ་ཅན་ལས་རིམ་ནང་ ལྟ་བཤལ་ལས་རིམ་ གཞི་བཙུགས་འབད་ནི་ཟེར་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ཤུལ་ལས་ གཞུང་སྐྱོང་གིས་ སྲིད་དོན་གྱི་དབང་དུ་བཏང་སྟེ་ ལས་རིམ་བསྒྱུར་བཅོས་འབད་དེ་ གསར་སྤང་རྫོང་ཁག་ལུ་བཏང་ནུག་ཟེར་ ཁ་ཉེས་བཀལ་བའི་ལན་ལུ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *