གཡུས་མི་ཚུ་གིས་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་སྐྱེས་མི་ ཊིག་ཤིག་གི་ལྕངམ་ཚུ་ འཚོལ་བའི་བསྒང་།

སྲ་ཤིང་ཊིག་བཙོང་སྟེ་ ལྷན་ཐབས་འོང་འབབ་ བཟོ་ཚུགས་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་ ཨམ་སྲུ་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ སྲ་ཤིང་ཊིག་འཛུགས་སྐྱོང་འབད་དོ་ཡོདཔ་ད་ ཁོང་གིས་ ཊིང་ཤིང་གི་ ལྕངམ་འཚོལ་བར་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་ འགྱོ་དོ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་མན་ཌི་ལས་ སྐྱེས་ལོ་༥༦ ལང་མི་ སྤ་རོ་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ ཊིག་ཤིང་འཛུགས་སྐྱོང་འབད་ནི་དེ་ ལོ་༢ དེ་ཅིག་གི་ ཧེ་མ་ལས་ འགོ་བཙུགས་ཅི་ཟེར་ཨིནམ་ད་ དེ་གིས་ བཟའ་ཚང་དང་ ཨ་ལོ་ཚུ་གི་དོན་ལུ་ ཟད་འགྲོའི་ལྷན་ཐབས་འབད་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཊིག་ཤིང་གི་ ཚོལ་འབྲེལ་འཐབ་མི་དེ་གིས་ ཟད་འགྲོ་ལུ་ ཕན་ཐོགས་ཡོད་རུང་ རྨགཔ་དེ་ ཞི་གཡོགཔ་ཅིག་འབད་ནི་དེ་གིས་ གཞུང་ས་ནང་ སྡོད་དོ་ཡོདཔ་ད་ མོ་ལུ་ ས་མེད་མི་ལུ་བརྟེན་ ཚོད་བསྲེའི་ལྡུམ་རའི་ནང་ དུམ་གྲ་རེ་ འཛུགས་སྐྱོང་འབད་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཊིག་ཤིང་གི་ ལཱ་འབད་ནི་དེ་ འཇམ་མི་དེ་ཡང་ རྩྭ་དུམ་གྲ་རེ་ བཏོག་བཀོ་ནི་རྐྱངམ་གཅིག་མ་གཏོགས་ ཤིང་ཚུ་ མགྱོགས་པར་སྦོམ་འགྱོ་མི་ལུ་བརྟེན་ ས་ལེགས་ཤོམ་ཡོད་མེད་ཀྱི་ ཁྱད་པར་དང་འཁྲིལ་ འགྱོཝ་མས་ཟེར་ཨིནམ་ད་ ད་རེས་ནངས་པར་ མི་མང་ཤོས་ཀྱིས་ ཊིག་ཤིང་འཛུགས་སྐྱོང་འབདཝ་མས་ཟེར་ཨིན་པས།
ཊིག་ཤིང་བཙུགས་ནིའི་ དུས་ཚོད་དེ་ རང་ཟླ་༣ པ་ལས་༥ པ་ཚུན་ཨིནམ་ད་ ལོ་བསྟར་བཞིན་དུ་ ཊིག་ཤིང་བཙོང་མི་ལུ་བརྟེན་ འོང་འབབ་མཐོ་ཤོས་ར་ དངུལ་ཀྲམ་༡༠,༠༠༠ དང་༡༥,༠༠༠ དེ་ཅིག་ བཟོ་ཚུགསཔ་མ་ཚད་ ཉུང་ཤོས་དངུལ་ཀྲམ་༥,༠༠༠ དང་༦,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ལས་ བཙོང་མ་ཚུགས་པའི་ དཀའ་ངལ་མེད་རུང་ ལྕངམ་མ་འཐོབ་པའི་ དཀའ་ངལ་འདུག་ཟེར་ སྤ་རོ་བཟང་མོ་གིས་ བཤདཔ་ཨིན་པས།
ཀུར་སྟོད་ལས་ སྐྱེས་ལོ་༥༢ ལང་མི་ གསལ་སྒྲོན་གྱིས་ སླབ་མིའི་ནང་ ཊིག་ཤིང་གི་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ཚུགས་དོ་ཡོད་རུང་ ཉིམ་ཤུགས་སྦེ་ ཤར་བའི་ཁར་ ཆརཔ་རྐྱབ་པའི་སྐབས་ ཤིང་ཚུ་ ཤིཝ་མས་ཟེར་ཨིནམ་ད་ ཤིང་༢,༠༠༠ དེ་ཅིག་བཙུགས་རུང་ འཕྲལ་འཕྲལ་༥༠༠ དེ་ཅིག་ཡང་ བཙོང་མི་ཚུགས་ཟེར་ཨིན་པས།


མོ་གིས་འབད་བ་ཅིན་ ཤིང་༢,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་བའི་སྐབས་ ཤིང་༥༠༠ དང་༡,༠༠༠ དེ་ཅིག་ ཚོང་འབྲེལ་འཐབ་མི་ཚུགས་དོ་ཡོདཔ་ལས་ ཤིང་༡,༠༠༠ ལྷགཔ་ཅིག་ འཕྲོ་བརླག་འགྱོཝ་མས་ཟེར་ཨིནམ་ད་ ཤིང་དེ་ཚུ་ སྤྱི་ཟླ་༧ པའི་ཚེས་༢ ལས་ ནགས་ཚལ་གྱི་ ཉིནམ་དང་འབྲེལ་ ནགས་ཚལ་ལས་ཁུངས་ཀྱིས་ ཉོ་འབག་དོ་ཟེར་ཨིན་པས།
གསལ་སྒྲོན་གྱིས་ སླབ་མིའི་ནང་ མི་ཚུ་གིས་ ཤིང་གི་ཀ་ལམ་རེ་ལུ་ དངུལ་ཀྲམ་༢༠ དང་༣༠ དེ་རེ་ བྱིན་ནི་སྦེ་ སླབ་མས་ཟེར་ཨིནམ་ད་ ཨིན་རུང་ ཁོང་གིས་ ནམ་ཅིག་ཡང་ འབག་འོང་ནི་མེད་མི་ལུ་བརྟེན་ ཤིང་ཀ་ལམ་རེ་ལུ་ དངུལ་ཀྲམ་༡༠ རེ་སྦེ་ ནགས་ཚལ་ལས་ཁུངས་ལུ་ར་ བཙོང་དོ་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༥,༠༠༠ དང་༡༠,༠༠༠ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིན་པས།
དུས་ཅི་ལས་ ཊིག་ཤིང་ཚུ་ འཛུགས་སྐྱོང་འབད་ནིའི་ འགོ་བཙུགས་ སྐྱེས་ལོ་༥༠ ལང་མི་ མནྜལ་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ མོ་གིས་ མི་མང་ཤོས་ཅིག་གིས་ ཊིག་ཤིང་གི་ ཚོང་འབྲེལ་འཐབ་དོ་ཡོད་རུང་ མོ་གི་དོན་ལུ་ འགོ་དང་པ་ཨིནམ་ལས་ ག་དེ་སྦེ་ འགྱོ་འོང་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཆ་རོགས་གཞན་ཚུ་དང་གཅིག་ཁར་ ཤིང་གི་ལྕངམ་འཚོལ་བར་ འགྱོ་དོ་ཟེར་ཨིནམ་ད་ ལྕངམ་ཚུ་ག་ར་ མི་ཚུ་གིས་ འབག་ཚར་ཏེ་ཡོདཔ་ལས་ ཉིནམ་༡ ནང་ ལྕངམ་༥༠ དང་༦༠ དེ་ཅིག་ལས་བརྒལ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༡ ལང་མི་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ཊིག་ཤིང་འཛུགས་སྐྱོང་གི་ལཱ་དེ་ ལོ་༢ དེ་ཅིག་གི་ ཧེ་མར་ འགོ་བཙུགས་ཅི་ཟེར་ཨིནམ་ད་ མོ་གིས་ ཉིནམ་ཨ་རྟག་ར་ ལྕངམ་འཚོལ་དོ་ཡོདཔ་ལས་ འཕྲལ་འཕྲལ་ཉིནམ་༡ ནང་ ལྕངམ་༡༥༠ དང་༢༠༠ དེ་ཅིག་ ཐོབ་དོ་ཡོད་མི་ལུ་བརྟེན་ བདུན་ཕྲག་༡ ནང་ ལྕངམ་༥༠༠ ལྷགཔ་ཅིག་ བཙུགས་ཚུགས་པས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་ ཊིག་ཤིང་གི་ལྕངམ་སྐྱེས་མི་ཚུ་ མི་ཚུ་གིས་ ར་འབལ་ཚར་དོ་ཡོདཔ་ལས་ མ་འོངས་པ་ལུ་ ལྕངམ་འཐོབ་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *