སྨྱོ་རྫས་ཨེས་པི་པ་ལཱསི་ ལག་ལེན་འཐབ་མི་ཚུ་ལུ་ ཁྲིམས་ཡངས་ཆག་མེདཔ།

༉ སྨྱོ་རྫས་ཨེས་པི་ཟེར་མི་ ངེས་ཚིག་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ནང་ ཚུད་དེ་མེད་རུང་ དེའི་རྫས་སྦྱོར་གྱི་སྐོར་ལས་ བཅའ་ཁྲིམས་ནང་འཁོད་ཡོདཔ་ལས་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་ ཁྲིམས་ཡངས་ཆག་མེདཔ་ཨིན་པས།

དེ་ཡང་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ ཁ་ཙ་ དྲི་བཀོད་ཀྱི་ལས་རིམ་སྐབས་ ཚོགས་ཁང་ནང་ ཞུ་མིའི་ནང་ མ་གཞི་ བཅའ་ཁྲིམས་ནང་ སྨྱོ་རྫས་ཨེས་པི་ཚུད་དེ་མེད་རུང་ སྨྱོ་རྫས་ཊར་མཱོ་ཌིལ་ཟེར་མི་ ཚུད་ཡོད་མི་དང་ ཨེས་པི་ལུ་རྫས་སྦྱོར་ ཅོག་འཐདཔ་ཡོདཔ་ལས་ ཉེས་ཁྲིམས་དེ་ བཅའ་ཁྲིམས་དང་འཁྲིལ་རུང་ མ་བཏུབ་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཨེས་པི་དང་ཊར་མཱོ་ཌིལ་གཉིས་ཆ་རའི་ རྒྱུ་ངོ་མ་སྨྱོ་རྫས་ཨོ་པི་ཨེམ་དེ་ ལག་ལེན་འཐབ་ནི་དེ་གིས་ ཁོང་གཉིས་ལུ་ ཁྱད་པར་མིན་འདུག་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ བཀྲིས་སྒང་ ཝམ་རོང་གི་འཐུས་མི་ ཀརྨ་བསྟན་འཛིན་གྱིས་ ཞུ་མིའི་ནང་ སྨྱོ་རྫས་ཨེས་པི་དེ་ བཅའ་ཁྲིམས་ནང་ཚུད་དེ་མེདཔ་ལས་ སྨྱོ་རྫས་དེ་ལུ་བརྟེན་ མི་མང་ཤོས་ཅིག་ ཉེས་ཁྲིམས་ཕོག་མི་དེ་ ཁོང་ཡངས་ཆག་གཏང་ནིའི་ཐབས་ལམ་ཅིག་ ལྷན་ཁག་དང་ དྲང་ཁྲིམས་ལྷན་སྡེ་ དེ་ལས་ ཁྲིམས་སྲུང་འགག་སྡེ་གིས་ བསྒྲིག་དགོཔ་མཐོངམ་མས་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ཞུ་མིའི་ནང་ སྨྱོ་རྫས་ཨེས་པི་ལུ་བརྟེན་ མི་མང་ཤོས་ཅིག་ ཉེས་ཁྲིམས་ཕོག་སྟེ་ཡོདཔ་ལས་ བྱ་སྟབས་མ་བདེཝ་ སྦོམ་ཐོན་ནུག་ཟེར་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་གིས་ འཆང་སྤྱོད་དང་ ཚོང་འབྲེལ་ནང་ འབྲེལ་བ་ཡོདཔ་ལས་ ཉེས་ཁྲིམས་བཀལ་ནུག་ཟེར་ཨིནམ་བཞིན་དུ་ དུས་ཅི་ རྐྱངམ་གཅིག་ར་ སྨྱོ་རྫས་ལུ་བརྟེན་མི་༡༩ འཛིན་བཟུང་འབད་ནུག་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༦ ཚུན་འབད་བ་ཅིན་ སྨྱོ་རྫས་ལུ་བརྟེན་ མི་གྲངས་༡༡༠ འཛིན་བཟུང་འབད་དེ་ ལ་ལོ་ཅིག་ལུ་ བཙོན་ཁྲིམས་ཡང་བཀལ་ཡོདཔ་ད་ ནང་སྲིད་བློན་པོ་གིས་ ཞུ་མིའི་ནང་ སྨྱོ་རྫས་ནང་འབྲེལ་བ་ཡོད་མི་ཚུ་ ཐད་ཀར་དུ་ བཙོན་ཁྲིམས་བཀལ་ནི་མེད་ཟེར་ཨིན་པས།
དེ་ཡང་ འགོ་ཐོག་ལུ་ སྨྱོ་རྫས་ནང་ འབྲེལ་གཏོགས་འབད་ཡོདཔ་ བདའ་ཟུན་པ་ཅིན་ མི་ཚེ་བསྐྱར་གསོ་ལྟེ་བ་ནང་ ཟླཝ་༣ བཞག་དོ་ཟེར་ཨིནམ་ད་ དེའི་ཤུལ་ལས་ཟླཝ་༦ དང་ ཐེངས་༣ པའི་ནང་འབད་བ་ཅིན་ ཟླཝ་༡༢ དེ་ལས་ ཐེངས་༤ པའི་ནང་རྐྱངམ་གཅིག་ བཙོན་ཁྲིམས་མཐོ་ཤོས་ ལོ་གཅིག་བཀལ་དོ་ཟེར་ཨིན་པས།
དེའི་མཇུག་ལུ་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཚོགས་དམངས་ལུ་ དྲན་གསོ་ཞུ་མིའི་ནང་ དེ་བཟུམ་གྱི་ བྱ་སྟབས་མ་བདེཝ་ཐོན་མི་དེ་ བཅའ་ཁྲིམས་ནང་སྨྱོ་རྫས་ཀྱི་མིང་ ཐད་ཀར་དུ་བཙུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༥ ལུ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་ཐོག་ལུ་ གསུང་གྲོས་གནང་པའི་སྐབས་ དུས་ཀྱི་འགྱུར་བ་དང་བསྟུན་ སྨྱོ་རྫས་ཡང་ སོ་སོར་སྦེ་ འཐོན་ནི་ཨིནམ་ལས་ ཐད་ཀར་དུ་མིང་ མ་བཙུགས་ཟེར་བའི་སྐབས་ འཐུས་མི་མང་ཤོས་ཅིག་གིས་ ངོས་ལེན་འབད་མ་བཏུབ་པའི་ གྲུབ་འབྲས་ཨིན་ཟེར་གསུངས་ཡི།
དེ་འབདཝ་ལས་ ད་ལས་ཕར་ གསུང་གྲོས་གནང་པའི་སྐབས་ ཐུགས་བསམ་ལེགས་ཤོམ་བཞེས་དགོཔ་ ཁག་ཆེ་བས་ཟེར་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ འཐུས་མི་ཡོངས་ལུ་ ཡར་བསྐྱར་དུ་ དྲན་གསོ་གནང་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *