སྨྱོ་རྫས་ཨེས་པི་པ་ལཱསི་ འཆང་སྤྱོད་འབད་མི་༡ དང་ ཆ་རོགས་འབད་མི་༢ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྨྱོ་རྫས་ཨེས་པི་པ་ལཱསི་ འཆང་སྤྱོད་འབད་མི་ ཕོ་སྐྱེས་༡ ལུ་ བཙོན་ཁྲིམས་ལོ་༥ དང་ སྨྱོ་རྫས་ཉོ་ནིའི་དོན་ལུ་ ཆ་རོགས་འབད་མི་༢ ལུ་ བཙོན་ཁྲིམས་ལོ་༣ རེ་ བཀལ་ཡོདཔ་ཨིན་པས།
དེ་ཡང་ ཀྲོང་གསར་གླང་མཐིལ་ལས་ སྐྱེས་ལོ་༣༡ ལང་མི་ ཀུན་དགའ་སྲི་མཐར་གྱིས་ སྨྱོ་རྫས་འཆང་སྤྱོད་འབད་བའི་ཐད་ཁར་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ད་ དར་དཀར་ནང་འབྲུག་རྗེས་སྒང་ལས་ སྐྱེས་ལོ་༣༠ ལང་མི་ ཟླ་བ་དང་ སྐྱེས་ལོ་༣༣ ལང་མི་ པདྨ་རྡོ་རྗེ་༢ ལུ་ སྨྱོ་རྫས་ཉོ་ནིའི་དོན་ལུ་ ཆ་རོགས་འབད་ནི་དེ་གིས་ བཙོན་ཁྲིམས་ལོ་༣ རེ་ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ གནད་དོན་དེ་ དུས་ཅི་སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཀུན་དགའ་སྲིད་མཐར་གྱིས་ སྨྱོ་རྫས་ཨེས་པི་པ་ལཱསི་ སྨན་ཐུམ་༦༤ ནག་ཚོང་འཐབ་ནིའི་དོན་ལུ་ ཉེས་འཛུགས་ཅན་ཟླ་བ་ལུ་ དངུལ་ཀྲམ་༧༥༠ ཐམ་པ་ སྤྲོད་ཐོག་ལས་ ས་གནས་བའོ་བ་ཟར་ལས་ ཉེས་འཛུགས་ཅན་ ཟླ་བ་དང་ པདྨ་རྡོ་རྗེ་གཉིས་ལུ་ ཉོ་འབག་འོང་བཅུག་པའི་ཤུལ་ ཀུན་དགའ་སྲི་མཐར་ཁོ་ར་བཏང་ཡོད་མི་ སྣུམ་འཁོར་མ་རུ་ཏི་ཀཱར་ནང་ གསང་སྟེ་འབག་འོང་པའི་སྐབས་ ས་གནས་རྩི་མ་གཤམ་ལུ་ལྷོདཔ་ད་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཀུན་དགའ་སྲི་མཐར་གྱིས་ ནང་འདྲེན་འབད་དེ་ཡོད་པའི་ སྨྱོ་རྫས་ཨེས་པི་པ་ལཱསི་ སྨན་ཐུམ་༦༤ འཆང་ཡོད་མི་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་དོན་ཚན་༡༣༩ ༢ པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ དབྱེ་རིམ་གསུམ་པའི་ཉེས་ཁྲིམས་ བཙོན་ཁྲིམས་ལོ་༥ ལས་༩ སྨིན་དགོཔ་ཨིན་རུང་ ཧེ་མ་ ཉེས་ལས་འཐབ་པའི་ བརྗོད་ཐོ་མེདཔ་ལས་ ཉེས་ཁྲིམས་དམའ་ཤོས་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཟླ་བ་དང་ པདྨ་རྡོ་རྗེ་གིས་ སྨྱོ་རྫས་ཉོ་ནིའི་དོན་ལུ་ ཆ་རོགས་འབད་ཡོདཔ་ལས་ དབྱེ་རིམ་༤ པའི་ ཉེས་ཁྲིམས་བཀལ་ཡོདཔ་ད་ དེ་ནང་ ཉེས་ཁྲིམས་མཐོ་ཤོས་ བཙོན་ཁྲིམས་ལོ་༥ དང་ དམའ་ཤོས་ལོ་༣ ཕོག་དོ་ཡོདཔ་ད་ ཁོང་གཉིས་ཡང་ ཧེ་མ་ ཉེས་ལས་འཐབ་ཡོད་པའི་ བརྗོད་ཐོ་མེདཔ་ལས་ བཙོན་ཁྲིམས་དམའ་ཤོས་ ལོ་༣ བཀལ་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *