སྨྱོ་རྫས་སྤྱོད་པའི་ཤུལ་ལས་ དྲག་པའི་བསྒང་ཡོད་མི་ཚུ་ལུ་ རྒྱབ་སྐྱོར།

༉ སྨྱོ་རྫས་སྤྱོད་ནི་ལུ་ ལང་ཤོར་ཐལ་བའི་ཤུལ་ལུ་ སྨན་བཅོས་འབད་དེ་ དྲག་ཞིནམ་ལས་ ལོག་མི་ན་ནིའི་དོན་ལུ་ ཀེ་ཡར་བྷུ་ཊཱན་ཟེར་མི་ མི་སྡེ་ཚོང་ལས་ཅིག་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་བཞིན་དུ་ འདས་པའི་ཟླཝ་ཚུན་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་༧༠ དེ་ཅིག་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

མི་སྡེ་ཚོང་ལས་ གཞི་བཙུགས་འབད་མི་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ཧེ་མ་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཅིག་འབདཝ་ལས་ ཁོ་གིས་ གནས་སྟངས་དང་དཀའ་ངལ་ཚུ་ ཧ་གོ་ཟེར་ཨིནམ་ད་ ཚར་གཅིག་ བསྐྱར་གསོ་ལྟེ་བ་ལས་ ཐོན་པའི་ཤུལ་ལུ་ གདོང་ལེན་ངོ་མ་དེ་ འགོ་བཙུགས་ནི་ཡོད་ཟེར་ཨིན་པས།

ཁོང་ སྨྱོ་རྫས་ལུ་ ལང་ཤོར་ཐལ་བའི་ཤུལ་ལས་ ལོ་༡ གི་རིང་ དྲག་ནིའི་རྒྱབ་སྐྱོར་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ སྨྱོ་རྫས་ལང་ཤོར་ཐལ་མི་ལས་ དྲག་ཚུགས་པའི་མི་ཚུ་ སྨན་བཅོས་འབད་བའི་ཁར་ བསྐྱར་གསོ་ལྟེ་བའི་ནང་ བཞག་དོ་ཡོད་རུང་ ཁོང་ཆ་ཁྱབ་ བདག་འཛིན་འབད་མི་མེདཔ་ལས་ ད་རེས་ ཀེ་ཡར་བྷུ་ཊཱན་གྱིས་ རྒྱབ་སྐྱོར་འབད་མི་དེ་ འགོ་དང་པ་ཨིན་ཟེར་ འཕྲིན་ལས་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ མི་ཚུ་གིས་ མི་ངན་དང་ ཨར་ཇག་ དེ་ལས་ ཆང་ཟེ་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ ལ་ལོ་ཅིག་ ལཱ་གཡོག་ནང་ལས་ བཏོན་བཏངམ་མས་ཟེར་ཨིན་པས།

གལ་སྲིད་ ཁོང་ལུ་ རྒྱབ་སྐྱོར་དང་ལམ་སྟོན་ཚུ་ ལེགས་ཤོམ་མ་བྱིན་པ་ཅིན་ ད་རུང་ ཧེ་མའི་ གནས་སྟངས་ནང་ ཐུག་ནི་གི་ ཉེན་ཁ་སྦོམ་ ཡོད་ཟེར་ཨིན་པས།

བརྒྱ་འཁོར་གླིང་ག་ནང་ སྨྱོ་རྫས་ལུ་ལང་ཤོར་ཐལ་མི་ ན་གཞོན་༩ ལུ་ ལམ་སྟོན་དང་ ལྟ་རྟོག་འབད་ནི་ལུ་ མི་སྡེ་ཚོང་ལས་ཀྱི་ ལས་བྱེདཔ་༢ བཞག་སྟེ་ཡོདཔ་ད་ མི་སྡེ་ལས་བྱེདཔ་གིས་ སྨྱོ་རྫས་ལུ་ ལང་ཤོར་ཐལཝ་མ་ཚད་ བདག་འཛིན་འབད་མི་མེད་པའི་ ན་གཞོན་ཚུ་ཡང་ བདག་འཛིན་འབད་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༢༠ ལང་མི་ ན་གཞོན་གཅིག་ མི་སྡེ་ཚོང་ལས་ནང་སྡོད་དེ་ ད་རེས་འབདཝ་ད་ ཟླཝ་༦ ལང་དོ་ཡོདཔ་ད་ ཚོང་ལས་དེ་གིས་ ཁོང་ཆ་ཁྱབ་ ལས་རིམ་སྣ་ཚོགས་ནང་ འབྲེལ་གཏོགས་འབད་བཞགཔ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ ལོག་སྨྱོ་རྫས་ལག་ལེན་འཐབ་ནི་ལས་ འཛེམ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ག་ར་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་སྡོད་ནི་དང་ ལཱ་གཡོག་ལེགས་ཤོམ་འཐོབ་ནིའི་ རེ་འདོད་བསྐྱེད་མི་ ཙང་ཙ་ཨིནམ་ད་ ཁོ་ར་ སང་ཕོད་ལས་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་ རེ་བ་ཡོད་ཟེར་ཨིན་པས།

འཕྲིན་ལས་རྡོ་རྗེ་གིས་ བཤད་མིའི་ནང་ ཕམ་ལ་ལོ་ཅིག་གིས་ ཁོ་རའི་ཨ་ལོ་ཚུ་ བྱ་ངན་འབད་མི་ལས་ ལེགས་ཤོམ་བཟོ་མི་ལུ་བརྟེན་ དགའ་ཚོར་བསྐྱེད་མི་ཡང་ ཐོན་ཡི་ཟེར་ཨིནམ་ད་ ཕམ་ཚུ་རང་སོའི་ལཱ་ལུ་ འདུ་འཛི་སྦེ་ སྡོད་དོ་ཡོདཔ་ལས་ ཨ་ལོ་ཚུ་ ག་དེ་སྦེ་ བདག་འཛིན་དང་ རྒྱབ་སྐྱོར་འབད་དགོཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།

སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ལས་ བསྐྱར་གསོ་འབད་མི་ ན་གཞོན་ཚུ་ རེས་གཟའ་ལྷགཔ་ཨ་རྟག་ར་ རང་སོའི་ཉམས་མྱོང་ བརྗེ་སོར་འབད་ནི་དང་ གནད་དོན་དེའི་ཐོག་ལུ་ གྲོས་བསྟུན་འབད་ནིའི་དོན་ལས་ འདུ་འཛོམས་འབད་དོ་ཡོདཔ་བཞིན་དུ་ ན་གཞོན་ཚུ་ལུ་ ལམ་སྟོན་ཡང་ བྱིན་དོ་ཡོདཔ་ཨིན་པས།

མི་སྡེ་ཚོང་ལས་ཀྱིས་ ཀེ་ཧང་ཚུ་ ར་འབལ་བཀོག་ནིའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ ན་གཞོན་༩༠༠ གིས་ ཁས་བླངས་ཐོག་ལས་ བཅའ་མར་གཏོགས་ཡོདཔ་ད་ ད་རེས་ བསྐྱར་གསོ་འབད་མི་ ན་གཞོན་ལ་ལོ་ཅིག་གིས་ ཟ་ཁང་ཅིག་ཡང་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ མི་སྡེ་ཚོང་ལས་དེ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ གཞི་བཙུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *