སྨྱོ་རྫས་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནག་ཚོང་འཐབ་མི་ དོགས་པ་ཅན་༣༤ འཛིན་བཟུང་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡ ལས་ སྤྱི་ཟླ་༤ པའི་ཚེས་༡༣ གྱི་ནང་འཁོད་ལུ་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུག་གི་ ས་གནས་ཁག་ཚུ་ལས་ ཁྲིམས་འགལ་ཐོག་ སྨྱོ་རྫས་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནག་ཚོང་འཐབ་མི་ དོགས་པ་ཅན་༦ དང་ འཆང་སྤྱོད་འབད་མི་ དོགས་པ་ཅན་༢༨ འཛིན་བཟུང་འབད་ནུག།

འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་འཆང་སྤྱོད་འབད་མི་ དོགས་པ་ཅན་༢༨ འཛིན་བཟུང་འབད་མིའི་གྲས་ལས་ ཨམ་སྲུ་༢ ཡོདཔ་བཞིན་དུ་ དོགས་པ་ཅན་ཚུ་ སྐྱེས་ལོ་༡༧ དང་༢༩ གི་བར་ན་འབད་མི་ཚུ་ ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲིམས་འགལ་ཐོག་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནག་ཚོང་འཐབ་མི་ དོགས་པ་ཅན་༡ འཛིན་བཟུང་འབད་ཡོདཔ་ད་ དོགས་པ་ཅན་ལས་ ཏམ་ཁུ་སི་ག་རེཌ་ ཀ་ལ་སིག་ཤོག་སྒམ་༡༠༠ དང་ སི་གེ་རེཌ་ནེ་བི་ཀཐ་ཤོག་སྒམ་༡༧༠  འཕྱོག་བཟུང་འབད་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁྲིམས་འགལ་ཐོག་ལས་ བཀག་དམ་ཅན་གྱི་ སྨྱོ་རྫས་ནག་ཚོང་འཐབ་མི་ དོགས་པ་ཅན་༥ འཛིན་བཟུང་འབད་ཡོདཔ་བཞིན་དུ་ དོགས་ཅན་ཚུ་ལས་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་པ་ལསི་ སྨན་ཐུམ་༣,༨༣༢ འཕྱོག་བཟུང་འབད་ཡོདཔ་ད་ དོགས་ཅན་ཚུ་ཡང་ སྐྱེས་ལོ་༢༦ དང་༣༨ ཀྱི་བར་ན་འབད་མི་ཚུ་ ཡོདཔ་ཨིན་པས།

ཨར་རྐུན་གྱི་གནད་དོན།

ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དུར་ཁྲོད་ཀྱི་ ས་ཁོངས་ནང་ལས་ འགྲུལ་འཕྲིན་མོ་བཱ་ཡེལ་ཨར་རྐུན་གྱི་ གནད་དོན་ནང་ འབྲེལ་གཏོགས་འབད་མི་ དོགས་པ་ཅན་ཕོ་སྐྱེས་༤ འཛིན་བཟུང་འབད་ཡོདཔ་ཨིན་པས།

འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུར་ཁྲོད་ཀྱི་ ས་ཁོངས་ནང་ལས་ མོ་བཱ་ཡེལ་༣ དེ་ཅིག་ ཨར་རྐུན་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༨ ལུ་ དུར་ཁྲོད་ཀྱི་ས་ཁོངས་ནང་ ཉལ་སྡོད་པའི་སྐབས་ ཁོ་གི་མོ་བཱ་ཡེལ་ཨར་རྐུན་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་མ་ཚད་ དེ་ཚེ་ ད་རུང་ མི་གཅིག་གི་ མོ་བཱ་ཡེལ་ཨར་རྐུན་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཅི་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་ཁོངས་ནང་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ དེ་ཁའི་མི་ཚུ་གིས་ སྐྱེས་ལོ་༢༤ ལང་མི་ དོགས་པ་ཅན་ཅིག་ བཟུང་བཞག་ནུག་ཟེར་ཨིནམ་ད་ དོགས་པ་ཅན་དེ་ལུ་ དྲི་དཔྱད་འབདཝ་ད་ ད་རུང་ སྐྱེས་ལོ་༡༧ དང་༣༢ དེ་ལས་ སྐྱེས་ལོ་༡༦ འབད་མི་ དོགས་ཅན་༣ འཛིན་བཟུང་འབད་ཚུགས་ཅི་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ཞིབ་དཔྱད་འབད་བའི་སྐབས་ དོགས་པ་ཅན་ཅིག་གི་ ཁྱིམ་ནང་ལས་ མོ་བཱ་ཡེལ་༢ ལོག་ཐོབ་ཅི་ཟེར་ཨིནམ་ད་ དོགས་ཅན་༤ ལས་༢ ལཱ་གཡོག་མེད་མི་དང་ དོགས་ཅན་༢ བྱ་ཁྱུང་སྲུང་རྒྱབ་ཞབས་ཏོག་གི་ སྲུང་རྒྱབ་པ་ཨིནམ་བཞིན་དུ་ དོགས་ཅན་ཚུ་ གནད་དོན་གཞན་ཚུ་ནང་ འབྲེལ་གཏོགས་ཡོད་མེད་ཀྱི་དོན་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *