སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིག་ལོག་སྤྱོད་བཅའ་ཁྲིམས་ འཕྲི་སྣོན་འབད་དགོ་པའི་ཞུ་བ།

༉ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ སྨྱོ་རྫས་ཀེ་ཧང་ལུ་བརྟེན་ ན་གཞོན་མང་ཤོས་ཅིག་ དོ་དམ་དང་ བཙོན་ཁྲིམས་ཕོག་ཡོདཔ་ལས་ འཕྲི་སྣོན་འབད་དགོ་པའི་ ཞུ་བ་ཕུལ་ཡི།

དགྲ་མེད་སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ ཆུ་སྨད་ཨུ་རའི་འཐུས་མི་གི་ངོ་ཚབ་སྦེ་ ན་ཧིང་ བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་སྙན་ཞུ་ཕུལ་བའི་སྐབས་ བཅའ་ཁྲིམས་ཚུ་ འཕྲི་སྣོན་འབད་དགོཔ་ཡོད་པའི་སྐོར་ལས་ གསལ་ཞུ་འབད་ཡོདཔ་ལས་ བཅའ་ཁྲིམས་དེ་གི་དོན་ལུ་ མཁས་མཆོག་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་ འབད་དགོཔ་འཐོན་ནི་ཨིན་པའི་ཁར་ གནམ་དགུན་གྱི་ཚོགས་ཐེངས་ནང་ བཙུགས་ཚུགས་པ་ཅིན་ ན་གཞོན་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཞུ་ཡི།

ཇོ་མོ་གཙང་ཁ་- མར་ཚ་ལའི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ མོ་རའི་འདེམས་ཁོངས་ནང་ ཀེ་ཧང་ལུ་བརྟེན་ ཉམས་རྒུད་བྱུང་མི་ མཐོ་ཤོས་ཡོདཔ་ལས་ ད་རེས་གཡུས་ཚན་ནང་བལྟ་བ་ཅིན་ ཕོ་སྐྱེས་མང་ཤོས་ར་ བཙོན་ཁང་ནང་ ཚུད་དེ་ཡོད་ཟེར་ཞུ་ཡི།

མོ་གིས་ཞུ་མིའི་ནང་ གཡུས་ཁའི་མི་ཚུ་གིས་ ཀེ་ཧང་དེ་ སྤྱོད་ནི་མེད་རུང་ འོང་འབབ་དོན་ལུ་ རྒྱ་གར་ལུ་བཙོང་དོ་ཡོདཔ་ལས་ ཚོང་འབྲེལ་དེ་ ཁྲིམས་མཐུན་བཟོ་མ་ཚུགས་རུང་ བཙོན་ཁྲིམས་ཕབ་ཆག་འབད་ནི་ཡོདཔ་ཅིག་ འབད་དགོཔ་འདུག་ཟེར་ཞུ་ཡི།

མོ་གིས་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་གིས་ འདེམས་ཁོངས་ནང་ ཀེ་ཧང་བཙོང་ནི་དེ་ ཁྲིམས་མཐུན་བཟོ་ནིའི་ ཁས་བླངས་འབད་དེ་ཡོད་ཟེར་ཞུ་ཡི།

མོ་གིས་ བཅའ་ཁྲིམས་དེ་ གཞན་བཅའ་ཁྲིམས་ཚུ་དང་གཅིག་ཁར་ འཕྲལ་མགྱོགས་ར་ འཕྲི་སྣོན་འབད་ནིའི་དོན་ལུ་ བཙུགས་ནི་ཡོདཔ་སྦེ་ ཞུ་ཡི།

ཕྱི་འབྲེལ་བློན་པོ་གིས་ གནད་དོན་དེ་ ཁག་ཆེ་ནི་དེ་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་ནང་ཡང་ བཙུགས་ཡོད་རུང་ བཅའ་ཁྲིམས་དེའི་ བཙོན་ཁྲིམས་ཀྱི་གནད་དོན་དེ་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་ཡོདཔ་ལས་ ཞིབ་འཚོལ་ལེ་ཤ་འབད་ དགོཔ་འདུག་ཟེར་ཞུ་ཡི།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དེ་ འཕྲི་སྣོན་འབད་དེ་ དུས་ཚོད་གངམ་མ་སོངམ་ལས་ རྩོད་དཔོན་ཡོངས་ ཁྱབ་ཡིག་ཚང་གིས་འབད་རུང་ གྲོས་འདེབས་དེ་སྦེ་ར་ ལྷོད་དེ་ཡོད་ཟེར་ བློན་པོ་གིས་ཚོགས་ཁང་ནང་ཞུ་ཡོདཔ་ ད་ ཚོགས་ཆུང་གིས་ ཤུལ་མའི་ཚོགས་བཞུགས་ནང་ བཙུགས་ཚུགས་པ་ཅིན་ཟེར་ཞུ་ཡི།

བློན་པོ་གིས་ སྤྱི་ལོ་༢༠༡༦ ལུ་ ན་གཞོན་༢༥༣ དང་༢༠༡༧ ལུ་༢༨༤ /༢༠༡༨ ལུ་༢༠༡ /༢༠༡༩ ལུ་༡༩༦ དེ་ལས་༢༠༢༠ དང་༢༠༢༡ ལུ་ ན་གཞོན་༡༩༧ དང་༡༡ ལུ་ མར་ཕབ་འགྱོ་མི་ལུ་ལྟཝ་ད་ གྱངས་ཁ་དེ་ མར་བབས་སོང་ནུག་ཟེར་ཞུ་ཡི།

དེ་མ་ཚད་ གསོ་བ་ལྷན་ཁག་དང་ གཞན་འབྲེལ་བ་ཡོད་མི་ ཡིག་ཚང་ཚུ་གིས་ཡང་ སྨྱོ་རྫས་སྤྱོད་མི་ཚུ་ལུ་ སྨན་ཚབ་སྤྱོད་ནིའི་ ཐབས་ལམ་ཚུ་ལྟ་ཡོདཔ་ལས་ གཞུང་གི་གནས་ཡུན་སྐབས་ལུ་ར་ འཕྲི་སྣོན་འབད་འོང་ཟེར་ཞུ་ཡི།

བར་མཚམས་ཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ ན་གཞོན་ཚུ་ བཙོན་ཁང་ནང་བཞགཔ་ད་ མི་ཚེ་མེདཔ་བཏང་བའི་ཁར་ ཕམ་ཚུ་ལུ་རྒུད་དང་ གཞུང་ལུ་འབད་རུང་ ཟད་འགྲོའི་རྒུད་ཡོདཔ་ལས་ བཅའ་ཁྲིམས་དེ་ བལྟ་དགོཔ་འདུག་ཟེར་ཞུ་ཡི།

འཐུས་མི་གིས་ ཕྱི་རྒྱལ་ཁབ་ཚུ་ནང་ཡང་ ཀེ་ཧང་དེ་ གྲོས་བསྟུན་ཡུན་རིང་ འབད་དགོཔ་ཐོན་ཡོད་རུང་ ཁྲིམས་མཐུན་བཟོ་སྟེ་འདུག་ཟེར་ཨིན་རུང་ ང་བཅས་ནཱ་ལུ་ ད་ལྟོ་ གྲོས་བསྟུན་ར་ འགོ་མ་བཙུགས་པར་ཡོདཔ་ལས་ གཞུང་ལུ་རྒུད་ཐེབས་ཨིན་མས་ཟེར་ཞུ་ཡི།

དེ་མ་ཚད་ ཀེ་ཧང་དེ་གིས་ སྨན་གྱི་ཁེ་ཕན་ཡོད་པ་ཅིན་ བཅའ་ཁྲིམས་དེ་ འཕྲི་སྣོན་དོན་ལུ་བཙུགས་པ་ཅིན་ རྒྱལ་ཁབ་ལུ་ ཕན་ཐོགས་སྦོམ་འོང་ནི་མས་ཟེར་ཞུ་ཡི།

སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཀེ་ཧང་དེ་ གྲོང་གསེབ་ནང་སྡོད་མི་ཚུ་གིས་ སྤྱོད་པ་གིས་མ་ཚད་ ཚོང་འབྲེལ་ཡང་འཐབ་དོ་ཡོདཔ་ལས་ དཀའ་ངལ་དེ་ སེལ་ཐབས་ལུ་ ཁྲིམས་འཕྲི་སྣོན་དང་ གོ་སྐབས་གཞན་བཟོ་སྟེ་ བསལ་ཚུགས་ནི་ཨིན་ན་ བལྟ་དགོཔ་འདུག་ཟེར་ཞུ་ཡི།

བློན་པོ་གིས་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བ་གིས་ ཀེ་ཧང་གི་ཞིབ་འཚོལ་འབད་བའི་སྐབས་ མིའི་ཚེ་སྲོག་ལུ་ གནོད་པ་ཆེ་སུ་ཡོད་པའི་ གྲུབ་འབྲས་བྱུང་ཡོདཔ་ལས་ ནི་དཱར་ལེནཌསི་ལུ་ཡོད་མི་ གཙུག་སྡེ་ཅིག་དང་གཅིག་ཁར་ ཞིབ་འཚོལ་འབད་བའི་བསྒང་ཡོད་མིའི་ གྲུབ་འབྲས་ཚུ་ལྟ་སྟེ་ འཕྲི་སྣོན་འབད་ནི་ལུ་ བལྟ་བ་ཅིན་ མི་དྲག་ག་ཟེར་ཞུ་ཡི།

ཕྱི་འབྲེལ་བློན་པོ་གིས་ ཁས་བླངས་ནང་ སྨྱོ་རྫས་བཙོང་མི་དང་ སྤྱོད་མི་གི་བར་ན་ ཁྱད་པར་ཕྱེ་དགོཔ་སྦེ་ཞུ་ཡོདཔ་ད་ དེ་ཡང་ བཙོང་མིའི་ཐད་ཁར་ ཁྲིམས་མང་སུ་ཕོག་དགོཔ་ཨིན་རུང་ གནད་དོན་དེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ ཁོང་གིས་ཡང་ འཕྲི་སྣོན་འབད་དགོཔ་སྦེ་ཨིན་མི་དེ་ གྲོས་བསྟུན་ཚོགས་ཆུང་ནང་ བཙུགས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *