སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་ནང་ འབྲེལ་གཏོགས་འབད་མི་༩༨ འཛིན་བཟུང་།

༉ རྒྱལ་ཁབ་ནང་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་དང་འབྲེལ་བའི་ཉེས་ལས་དེ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ སྨྱོ་རྫས་བཀྲམ་སྤེལ་འབད་མི་དེ་ རྒྱལ་ཁབ་ག་ཏེ་ལས་ཡང་ འཐོན་སྲིད་ནི་ཨིན་རུང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མར་ཕབ་འབད་མི་ཚུགས་ནི་ཨིནམ་ལས་ མཁོ་མངགས་མར་ཕབ་ཀྱི་དོན་ལུ་ འབྲུག་མི་ག་ར་གིས་ འགན་ཁུར་འབག་དགོ་ཟེར་ཨིན་པས།
སྤྱི་ཟླ་༡ པ་ལས་ ཟླ་༣ པའི་ཚེས་༡༤ ཚུན་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་ནང་ འབྲེལ་གཏོགས་འབད་མི་ དོགས་པ་ཅན་༩༨ འཛིན་བཟུང་འབད་མི་ལས་༧༡ འཆང་སྤྱོད་འབད་མི་དང་ ཁྲིམས་འགལ་ཐོག་ སྨྱོ་རྫས་ནག་ཚོང་འཐབ་མི་༢༧ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྨྱོ་རྫས་འཆང་སྤྱོད་འབད་མི་༧༡ ལས་ ཨམ་སྲུ་དང་༢ དང་ ཕོ་སྐྱེས་༦༩ ཡོདཔ་བཞིན་དུ་ དེའི་ནང་ལས་ ན་གཞོན་༥༧ ཡོདཔ་ད་ སྨྱོ་རྫས་ནག་ཚོང་འཐབ་མི་༢༧ འཛིན་བཟུང་འབད་མི་ལས་ ཨམ་སྲུ་༡ དང་ ཕོ་སྐྱེས་༢༦ ཡོདཔ་ལས་ འཆང་སྤྱོད་འབད་མི་ཚུ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ནང་ བཏང་ཡོདཔ་ཨིན་པས།
འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་པ་ཅན་ཚུ་ ཞིབ་དཔྱད་འབད་བའི་སྐབས་ སྨྱོ་རྫས་ཨིས་པཱསི་མོ་པོ་རོག་སི་བཱོན་པ་ལཱསི་ སྨན་ཐུམ་༡༤,༨༩༨ དང་ ནའི་ཊོ་ཟཱན་ཊེན་སྨན་ལེབ་༩༦ ཀེ་ཧང་ཧེ་ཤེསི་ག་རམ་༡༠ ལྷགཔ་ཅིག་དང་ ཀེ་ཧང་གི་ འདབ་མ་སྐམ་པུར་ནི་ཡ་ ཀེ་ཇི་༢.༥ དེ་ལས་ ཀེ་ཧང་གི་ འདབ་མ་རློནམ་ ཀེ་ཇི་༢༧ དང་ སོལ་བེནསི་དག་པ་ཅིག་ ཐོབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་མང་ཤོས་ཅིག་ར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡི་ཟེར་ཨིནམ་ད་ སྤྱི་ཟླ་༢ པའི་ནང་ སྨྱོ་རྫས་འཆང་སྤྱོད་འབད་མི་ དོགས་ཅན་༢༩ དང་ ནག་ཚོང་འཐབ་མི་ དོགས་ཅན་༡༢ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ད་རེས་ སྤྱི་ཟླ་༣ ཚེས་༡༤ ཚུན་ སྨྱོ་རྫས་འཆང་སྤྱོད་འབད་མི་ དོགས་ཅན་༡༣ དང་ ནག་ཚོང་འཐབ་མི་༢ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
དེ་ལས་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ གླ་འཁོར་དེད་གཡོགཔ་ཅིག་གིས་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་པ་ལསི་ བཀྲམ་སྤེལ་འབད་ཐོག་ལས་ ཚོང་འབྲེལ་འཐབ་དེས་ཟེར གསང་བའི་སྙན་ཞུ་ཐོབ་མི་དང་བསྟུན་ གླ་འཁོར་དེ་ ལྟ་རྟོག་འབད་ཐོག་ལས་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ ཐིམ་ཕུག་ནོར་འཛིན་ལམ་ བཀག་འཛིན་འབད་དེ་ སྐྱེས་ལོ་༢༦ ལང་མི་ དེད་གཡོགཔ་དེ་ཡང་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དོགས་ཅན་གྱི་ གླ་འཁོར་ཞིབ་དཔྱད་འབད་བའི་སྐབས་ ཨིསི་པསི་མོ་པོ་རོག་སི་བཱོན་པ་ལསི་ སྨན་ཐུམ་༡༦༠ གླ་འཁོར་གྱི་ ཌི་ཀེ་ནང་ལས་ ཐོབ་ཅིཡོདཔ་མ་ཚད་ ཁོ་གི་ཁྱིམ་ནང་སོང་སྟེ་ ཞིབ་དཔྱད་འབདཝ་ད་ ད་རུང་ ཨིས་པཱསི་མོ་པོ་རོག་སི་བཱོན་པ་ལཱསི་ སྨན་ཐུམ་༢,༠༦༩ ཐོབ་ཅི་ཟེར་ཨིན་པས།
ཁྲིམས་སྲུག་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་དེ་ལས་ ཨིས་པཱསི་མོ་པོ་རོག་སི་བཱོན་པ་ལཱསི་ སྨན་ཐུམ་༡༤༧ དང་ ཀེ་ཧང་གི་འདབ་མ་སྐམ་ ག་རམ་དག་པ་ཅིག་ ཐོབ་ནུག་ཟེར་ཨིནམ་ད་ དོགས་ཅན་༢ ཆ་ར་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨྱོ་རྫས་དེ་ཚུ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ཉོ་འབག་འོང་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ སྨྱོ་རྫས་བཀྲམ་སྤེལ་བ་ཚུ་ མར་ཕབ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ཨིནམ་ད་ མཁོ་མངགས་འབད་མི་ཡང་ མར་ཕབ་འབད་ནི་ ཁག་ཆེཝ་ལས་ འབྲུག་མི་ག་ར་གིས་ འགན་ཁུར་འབག་དགོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *