བསམ་གྲུབ་ལྗོངས་མཁར་ལུ་ སྨྱོ་རྫས་ཀྱི་ ཁྲིམས་བསྟར་སྤྱོད་སྡེ་ཕྲན་ གཞི་བཙུགས་འབད་བའི་བསྒང་།

སྨྱོ་རྫས་ཀྱི་ ཁྲིམས་བསྟར་སྤྱོད་སྡེ་ཕྲན་ཅིག་ གཞི་བཙུགས་འབད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་དེ་ཅིག་མེད་རུང་ རྫོང་ཁག་དེ་ ཤར་ཕྱོགས་རྫོང་ཁག་༦ གི་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཅིག་འབདཝ་ལས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ སྨྱོ་རྫས་ཀྱི་ ཁྲིམས་བསྟར་སྤྱོད་སྡེ་ཕྲན་ཅིག་ འཕྲལ་ཁམས་ཅིག་ཁར་ འགོ་འབྱེད་འབད་ཡོདཔ་ཨིན་པས།
སྡེ་ཕྲན་དེ་ཡང་ སྨྱོ་རྫས་བཀྲམ་སྤེལ་དང་ སྤྱོད་མི་༢ ཆ་ར་ མར་ཕབ་འབད་དེ་ མི་སྡེ་ནང་ དཀའ་ངལ་འབྱུང་མི་བཅུག་ནིའི་ དོན་ལུ་ དབང་འཛིན་གྱིས་ རྫོང་ཁག་བདག་སྐྱོང་དང་ ཁྲིམས་སྲུང་འགག་སྡེ་ ཁྲོམ་སྡེ་དང་ ཅ་དམ་ལས་ཁུངས་ དེ་ལས་ ཚོང་དང་བཟོ་གྲྭ་ལས་ཁུངས་དང་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དབང་འཛིན་གྱི་ ལས་རིམ་གཙོ་འཛིན་འགོ་དཔོན་འོགམ་ འཆི་མེད་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་སྡེ་ལས་ཐོབ་མི་ སྙན་ཞུ་དང་འཁྲིལཝ་ད་ སྨྱོ་རྫས་འཆང་སྤྱོད་དང་ ཁྲིམས་འགལ་ཐོག་ ནག་ཚོང་རྐྱབ་མིའི་གྱངས་ཁ་ ཡར་འཕར་སོང་ཡོདཔ་ལས་ གནད་དོན་དེ་ རྒྱལ་ཁབ་ནང་ ཚབས་ཅན་ལུ་ མ་འགྱུར་བའི་ ཧེ་མ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བཀག་འཛིན་འབད་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མའི་ནང་ སྨྱོ་རྫས་འཆང་སྤྱོད་འབད་མི་ མར་ཕབ་འབད་ཐབས་ལུ་ སྨྱོ་རྫས་བཀྲམ་སྤེལ་འབད་མི་ཚུ་ བཀག་འཛིན་འབད་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ གནད་དོན་དེ་ལུ་ ཐབས་ལམ་མ་བཏོན་པ་ཅིན་ བཀྲམ་སྤེལ་བ་ཚུ་གིས་ ཁོང་སོའི་ཁེ་ཕན་ལུ་བལྟ་སྟེ་ འཕྲོ་མཐུད་བཀྲམ་སྤེལ་འབད་ནི་ཨིནམ་ལས་ སྤྱོད་མི་དང་ བཀྲམ་སྤེལ་འབད་མི་༢ ཆ་ར་ བཀག་འཛིན་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་འཛིན་གྱིས་ ལྷོ་ཕྱོགས་ལུང་ཕྱོགས་ཚུ་ནང་ གཙོ་རིམ་བཟུང་མི་ལས་ བསམ་གྲུབ་ལྗོངས་མཁར་དེ་ ཁག་ཆེ་ཤོས་ཅིག་ ཨིན་མི་དེ་ཡང་ ཤར་ཕྱོགས་རྫོང་ཁག་༦ གི་ མི་ཚུ་གིས་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཅིག་འབདཝ་ལས་ དེ་བཟུམ་མའི་ བཀག་འཛིན་གྱི་ ཐབས་ལམ་བཏོན་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ སྡེ་ཕྲན་དེ་ དབང་འཛིན་གྱི་ སྨྱོ་རྫས་བཀག་འཛིན་གྱི་ ཡུན་རིང་གི་ ཐབས་ལམ་ཅིག་ ཨིན་ཟེར་ཨིན་པས།
འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་གི་ས་ཁོངས་འདི་ རྒྱ་གར་གྱི་ ས་མཚམས་དང་གཅིག་ཁར་ ཨིནམ་ལས་ ཚ་གྱང་མེད་པར་ སྡོད་ནི་མེན་པར་ དཀའ་ངལ་ཡོད་མི་ཚུ་ སེལ་དགོཔ་ད་ སྨྱོ་རྫས་འཆང་སྤྱོད་དང་ ནག་ཚོང་འཐབ་མི་དེ་གིས་ མི་སྡེ་དང་ དཔལ་འབྱོར་ལུ་ མ་བཏུབ་ག་དེ་སྦེ་ཡོདཔ་ཨིན་ན་ སེལ་ཐབས་ལུ་ སྡེ་ཕྲན་གཞི་བཙུགས་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྡེ་ཕྲན་གཞི་བཙུགས་འབད་མི་དེ་ ན་གཞོན་ཚུ་ སྨྱོ་རྫས་ལུ་ ཤུགས་ཐལ་མི་ཚུ་ སྔོན་འགོག་འབད་ཐབས་ལུ་ཨིནམ་ལས་ ག་ར་གིས་ མཉམ་འབྲེལ་ཐོག་ ལཱ་འབད་དགོ་ཟེར་ཨིནམ་ད་ སྡེ་ཕྲན་དེ་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་མར་ཕབ་འབད་ནིའི་དོན་ལུ་ ཐབས་ལམ་ཁག་ཆེ་ཤོས་ཅིག་ ཨིན་ཟེར་ཨིན་པས།
དེ་ལས་ སྤྱིར་བཏང་རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་ཡར་འཕར་སོང་ཡོད་པའི་ཁར་ ན་གཞོན་ཚུ་ཡང་ སྨྱོ་རྫས་ལུ་ ཤུགས་ཐལ་ཏེ་ མེདཔ་འགྱོ་དོ་ཡོདཔ་ལ་ སྡེ་ཕྲན་དེ་གིས་ དེ་ཚུ་མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ དབང་འཛིན་གྱིས་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་ འཛིན་བཟུང་འབད་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ འཆི་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདས་པའི་ལོ་ནང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་༤ དེ་ཅིག་ལས་ ཐོ་བཀོད་མ་འབད་རུང་ སྨྱོ་རྫས་ལ་སོགས་པ་ཚུ་ དེ་ཁར་ལས་ སྐྱེལ་འདྲེན་འཐབ་དོ་ཡོདཔ་ལས་ སྤྱི་ཟླ་༡ པའི་ཚེས་༢༥ ལུ་ སྨྱོ་རྫས་ཞིབ་དཔྱད་སྡེ་ཚན་ཅིག་ གཞི་བཙུགས་འབད་ཡོདཔ་མ་ཚད་ ད་རེས་ སྡེ་ཕྲན་གཞི་བཙུགས་འབད་མི་དེ་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་བཀག་འཛིན་འབད་ནི་ལུ་ ཧེང་སྐལ་ལྷན་ཐབས་འབད་འོང་ཟེར་ཨིན་པས།
སྡེ་ཕྲན་འགོ་འབྱེད་འབད་བའི་སྐབས་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ གློག་རིག་ཀམ་པུས་ཊར་རེ་དང་ སྨྱོ་རྫས་ལག་ལེན་བརྟག་དཔྱད་ཅ་ཆས་༥༠ དེ་ལས་ བཅའ་ཁྲིམས་ཀྱི་ དཔེ་དེབ་དང་ དེབ་ཆུང་གཞན་ཚུ་ཡང་ བཀྲམ་སྤེལ་འབད་ཡོདཔ་ད་ སྡེ་ཕྲན་དེ་ བསམ་གྲུབ་ལྗོངས་མཁར་དང་ ཐིམ་ཕུག་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *