འཕྱོག་བཟུང་འབད་མི་ ཀེ་ཧང་གི་དོ་ཚུ།

སྨྱོ་རྫས་ཀེ་ཧང་སྐྱེལ་འདྲེན་དང་ ནག་ཚོང་འཐབ་མི་ དོགས་ཅན་ཕོ་སྐྱེས་༡ འཛིན་བཟུང་།

༉ སྤྱི་ཟླ་༩ པའི་ཚེས་༡༨ ཀྱི་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁའི་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཀེ་ཧང་སྐྱེལ་འདྲེན་དང་ ནག་ཚོང་འཐབ་མི་ དོགས་པ་ཅན་ཕོ་སྐྱེས་༡ ཇོ་མོ་གཙང་ཁ་ལས་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ དེ་ཚེ་ ཉིན་མའི་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ཁར་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་ལས་ སྣུམ་འཁོར་བོ་ལེ་རོ་ཅིག་ནང་ ཀེ་ཧང་འབག་འོང་དོ་ཡོད་པའི་ སྙན་ཞུ་ཐོབ་ཡོདཔ་བཞིན་དུ་ དེ་འཕྲོ་ལས་ རྒེད་འོག་ཁ་ཐུག་ ཁྲིམས་སྲུང་འགག་པ་ཚུ་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲུང་ཁག་ཡིག་ཚང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ ཀེ་ཧང་ཚུ་ སྣུམ་འཁོར་ནང་ལས་བཏོན་ཏེ་ ཚལ་མ་ཅིག་ནང་ སྦ་བཞག་ཡོད་སར་ མཐོང་ཡོད་རུང་ དེ་ཁར་ མི་དང་ སྣུམ་འཁོར་ག་ནི་ཡང་མེདཔ་ལས་ ཀེ་ཧང་དེ་ ག་གི་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགསཔ་ཨིན་པས།
དེ་ལས་ ཁྲིམས་སྲུང་འགག་པ་གིས་ ཀེ་ཧང་དོ་ཚུ་ འཕྱོག་བཟུང་འབད་བའི་ཤུལ་ལས་ ཇོ་མོ་གཙང་ཁ་ཁྲོམ་ཁར་ དོགས་པ་ཅན་དང་ སྣུམ་འཁོར་༢ འཚོལ་ཞིབ་འབད་སར་ སོང་ཡོདཔ་བཞིན་དུ་ སྐྱེས་ལོ་༤༢ ལང་མི་ དོགས་ཅན་ཕོ་སྐྱེས་དེ་ འཛིན་བཟུང་འབད་བའི་ཤུལ་ལས་ སྣུམ་འཁོར་བོ་ལེ་རོ་ཡང་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཁྲོམ་ཁར་ཡོད་མི་ སྣུམ་འཁོར་བོ་ལེ་རོ་ཚུ་ ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་གྱི་ སྣུམ་འཁོར་ནང་ལས་ ཀེ་ཧང་གི་འདབ་མ་སྐམ་ མི་ལི་ག་རམ་༥ དེ་ཅིག་ ཐོབ་ཡོདཔ་ད་ དོགས་པ་ཅན་ ཕོ་སྐྱེས་དེ་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ ཚོགས་པ་ཨིན་པས།
དུས་ཅི་ སྤྱི་ཟླ་༩ པའི་ཚེས་༡༨ ཚུན་ ཇོ་མོ་གཙང་ཁའི་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཀེ་ཧང་ནག་ཚོང་ནང་ འབྲེལ་གཏོགས་འབད་མི་ དོགས་ཅན་༩ དེ་ཅིག་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ལས་འགོ་བཟུང་ ད་ལྟོ་ཚུན་ དོགས་ཅན་༤༩ དེ་ཅིག་ འཛིན་བཟུང་འབད་ཐོག་ལས་ ཀེ་ཧང་ཀེ་ཇི་༡,༩༤༡ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
དོགས་པ་ཅན་ལ་ལོ་ཅིག་ ད་ལྟོ་ཡང་ འཚོལ་བའི་བསྒང་ཡོདཔ་བཞིན་དུ་ བྲོས་ཟུར་འབད་མི་ དོགས་ཅན་ཚུ་གིས་ རྒྱ་གར་གྱི་མངའ་སྡེ་ མོན་ཏ་ཝང་གི་ས་གནས་ ཤར་ཀ་ལག་ཏང་དང་ བོམ་ལྡི་ལ་ལ་སོགས་པ་ཚུ་ནང་ གཡིབ་སྡོད་དོ་ཡོདཔ་ད་ དོགས་ཅན་ཚུ་གིས་ ཀེ་ཧང་ཚུ་ རྒྱ་གར་ཨ་སམ་གྱི་ས་གནས་ ཏི་ན་ལི་དང་ ཨུ་དཱལ་གུ་རི་ལ་སོགས་པ་ཚུ་ནང་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ རྒྱབ་སྐྱོར་ཐོག་ ཁྲིམས་སྲུང་འགག་པ་དང་དྲུང་ཁག་ དེ་ལས་ རྒེད་འོག་བདག་སྐྱོང་ལ་སོགས་པ་ཚུ་གིས་ མི་ཚུ་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཐོག་ ཀེ་ཧང་ཚུ་ ར་འབལ་བཀོག་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞུང་གི་ཁ་ཐུག་ལས་ སོ་ནམ་ཞིང་ལཱ་ལ་སོགས་པའི་ རྒྱབ་སྐྱོར་ཚུ་ འབད་དོ་ཡོད་རུང་ མི་ཚུ་གིས་ སྤྲོ་བ་ལེན་མི་བཏུབ་དོ་ཡོད་པའི་ཁར་ ཁྲིམས་སྲུང་འགག་པ་གིས་ ཉིན་ནུབ་མེད་པར་ སྐོར་སྲུང་ཐོག་ ཞིབ་དཔྱད་འབད་དོ་ཡོད་རུང་ ཀེ་ཧང་ནག་ཚོང་གི་ གནད་དོན་དེ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ཚ་གྱང་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ དྲུང་ཁག་དང་ རྒེད་འོག་བདག་སྐྱོང་ཚུ་གི་ རྒྱབ་སྐྱོར་ཐོག་ ཁྲིམས་སྲུང་འགག་པ་གིས་ དྲུང་ཁག་འོག་གི་ གསེར་ཐིག་དང་ གླང་ཅན་ཕུག་ དེ་ལས་ ལའུ་རི་རྒེད་འོག་༣ གྱི་ སྤྱི་འོག་ག་རའི་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *