སྨྱུང་གནས་ཀྱི་ དགོས་པ་དང་ཕན་ཡོན་གྱི་ གསལ་ཞུ།

༉ སྨྱུང་གནས་དེ་ ཉིནམ་༡ ལས་བརྒལ་མ་བསྲུང་རུང་ ངན་སོང་གསུམ་ཟེར་ དམྱལ་བ་དང་ ཡི་དྭགས་ དེ་ལས་ དུད་འགྲོའི་ལུས་རྟེན་གྱི་ སྐྱེ་སྒོ་ལས་ བཀག་ཚུགས་པའི་ནུས་པ་ཡོདཔ་སྦེ་ འཕགས་པ་མཐུ་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱིས་གསུངས་མི་ མདོ་དང་རྒྱུད་ཚུ་ནང་ ཡོདཔ་ཨིན་པས།
མྱུང་གནས་བསྲུང་དགོ་པའི་ དགོས་པ་དང་ཕན་ཡོན་གྱི་སྐོར་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་ གྲོས་འཛོམས་སྐབས་ སྤུ་ན་ཁ་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་གཙུག་ལག་ཁང་གི་ ཨ་ནེ་ཡེ་ཤེས་དཔལ་སྒྲོན་གྱིས་ བཤད་པ་རྐྱབ་ཅི།
མོ་གིས་ བཤད་མིའི་ནང་ སྨྱུང་གནས་དེ་ འཕགས་པ་མཐུ་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ བྱིན་གྱིས་བརླབས་གནང་མི་ བསྲུང་བྱ་ཡན་ལག་༨ པོ་དེ་ ཉམས་སུ་ལེན་མི་དེ་ལུ་ སྨྱུང་གནས་ཟེར་ སླབ་མས་ཟེར་ཨིནམ་ད་ སྨྱུང་གནས་ལུ་ ལྷམ་པ་ལེ་ཤ་ཡོད་ས་ལས་ སྔགས་ལུགས་ཀྱི་སྨྱུང་གནས་དེ་ མང་ཤོས་ཅིག་ བསྲུང་དོ་ཡོདཔ་ཨིན་པས།
མོ་གིས་ བཤད་མིའི་ནང་ མ་གཞི་སྨྱུང་གནས་ལུ་ ཕ་རོལ་ཏུ་ཕྱིན་པ་དང་ སྔགས་ཀྱི་ཐེག་པའི་ལུགས་༢ ཡོད་ས་ལས་ བྱ་བའི་རྒྱུད་པདྨ་རིགས་ལས་ཨིན་མི་ སྔགས་ཀྱི་སྨྱུང་གནས་དེ་ བསྲུང་བྱ་ཡན་ལག་༨ ཉམས་སུ་ལེན་ཐོག་ལས་ འཕགས་པ་སྤྱན་རས་གཟིགས་སྒོམ་མི་དེ་ལུ་ སླབ་ཨིན་ཟེར་ཨིན་པས།
གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལས་ སྨྱུང་གནས་དེ་ ཁྱད་པར་ཅན་ཅིག་སྦེ་ བརྩི་མི་དེ་ཡང་ དེ་ལུ་བརྟེན་ ཚོགས་རྫོགས་སྒྲིབ་པ་བྱང་སྟེ་ ཕྱི་མ་སྤྱན་རས་གཟིགས་ཀྱི་ གོ་འཕང་ལུ་སྐྱེ་ནིའི་ཕན་ཡོན་ཡོདཔ་ད་ ཨ་ནེ་ཡེ་ཤེས་དཔལ་སྒྲོན་གྱིས་འབད་བ་ཅིན་ སྨྱུང་གནས་དེ་ མ་བསྲུང་བའི་ཧེ་མར་ སྦྱོར་བ་སེམས་བསྐྱེད་ཀྱི་དམ་པ་ དངོས་གཞི་དམིགས་པ་མེད་པའི་དམ་པ་ དེ་ལས་ མཇུག་བསྔོ་བའི་དམ་པ་༣ གྱིས་ རྩིས་འཛིན་པ་ཅིན་ ཕན་ཡོན་དེ་ སྟོང་གྱུར་དང་འབུམ་གྱུར་གྱི་ ཁྱད་པར་ཡོད་ཟེར་ཨིན་པས།
སྨྱུང་གནས་ཀྱི་སྐབས་ ཚུལ་ཁྲིམས་ཀྱི་ཡན་ལག་༤ ཟེར་ སྲོག་བཅད་པ་དང་ མ་བྱིན་ལེན་པ་ མི་ཚངས་སྤྱོད་པ་ དེ་ལས་ རྫུན་སྨྲ་བ་ཚུ་སྤང་དགོ་པའི་ཁར་ བཏུལ་བཞུགས་ཀྱི་ཡན་ལག་གི་གྲས་ལས་ དྲི་དང་མེ་ཏོག་ལུ་དགའ་བ་དང་ གླུ་ལེན་པ་ སྟན་མཐོ་ལ་དགའ་བ་ཚུ་ སྤང་དགོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འཕགས་པ་སྤྱན་རས་གཟིགས་སྒོམ་ཐངས་ལུ་ཡང་ བདག་དང་གཞན་ དེ་ལས་ བདག་གཞན་དབྱེར་མེད་སྦེ་ བསྒོམ་ནིའི་ལུགས་ཡོད་ས་ལས་ བདག་བསྐྱེད་བསྒོམ་པ་ཅིན་ རང་སྤྱན་རས་གཟིགས་བསྒོམ་ཐོག་ལས་ རང་གི་སྙིང་གར་ མེ་ཏོག་པདྨ་འདབ་མ་༨ ཀྱི་སྟེང་དུ་ ཨཱ་དཀར་པོ་ཅིག་ཡོདཔ་སྦེ་ བསྒོམ་དགོ་ཟེར་ཨིན་པས།
དེའི་ཤུལ་ལས་ ཧྲཱི་ཡིག་ཅིག་གསལ་ཞིནམ་ལས་ འོད་ཟེར་འཕྲོ་བའི་སྐབས་ ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལུ་ འོད་ཟེར་གྱི་མཆོད་པ་ཕུལཝ་ཨིནམ་ བསྒོམ་ནི་དང་ དེ་བསྒང་ རང་གི་ཁ་ལས་ ཡིག་གེ་དྲུག་མ་ མ་ནི་བགྱང་དགོ་ཟེར་ཨིན་པས།
དེ་ལས་ འོད་ཟེར་དེ་ ལོག་རང་ལུ་འཐིམ་པའི་སྐབས་ རང་སྤྱན་རས་གཟིགས་ ཞལ་༡༡ ཕྱག་སྟོང་དང་སྤྱན་སྟོང་ཨིནམ་སྦྦེ་ བསྒོམ་ཐོག་ལས་ འགྲོ་བ་རིགས་དྲུག་ནང་གནས་པའི་ སེམས་ཅན་ཐམས་ཅད་ཀྱི་ སྡུག་བསྔལ་ཐམས་ཅད་བསལ་ཏེ་ ཁོང་ག་ར་ ངན་སོང་གསུམ་གྱི་སྡུག་བསྔལ་ལས་འགྲོལཝ་ཨིནམ་ བསྒོམ་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *