སྨོན་ལམ་ཆེན་མོའི་དོན་ལུ་ ངེས་པར་དུ་ ཞལ་འདེབས་སྤྲོད་དགོཔ་བཟོ་མི་ལུ་ ཉོགས་བཤད།

༉ བཀྲིས་གཡང་རྩེ་རྫོང་ཁག་ནང་སྡོད་མི་ ཞི་གཡོགཔ་དང་ ལུང་ཕྱོགས་འགོ་དཔོན་ དེ་ལས་ ས་གནས་གཞུང་གི་ འགོ་དཔོན་ལ་ལོ་ཅིག་ སྨོན་ལམ་ཆེན་མོའི་དོན་ལུ་ ངེས་པར་དུ་ ཞལ་འདེབས་བསྡུ་བླང་འབད་དགོཔ་བཟོ་མི་ལུ་ སེམས་དང་མ་ལྡན་པར་འདུག།

དེ་ཡང་ སྤྱིར་བཏང་ལས་བྱེདཔ་ཚུ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༥༥ དང་ ཆུང་རིམ་སྡེ་ཚན་ཚུ་ལས་ དངུལ་ཀྲམ་༡༠༥ རེ་ བསྡུ་ལེན་འབད་ནི་སྦེ་ ལོ་བསྟར་སྨོན་ལམ་ཆེན་མོའི་ ཞལ་འཛོམས་ནང གྲོས་ཆོད་བྱུང་ཡོདཔ་ཨིན་པས།

ཞི་གཡོགཔ་དང་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྨོན་ལམ་ཆེན་མོའི་དོན་ལུ་ མ་དངུལ་བསྡུ་བླང་འབད་མི་དེ་ ཁྲིམས་འགལ་ཨིན་ཟེར་ཨིན་པས།

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱིས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཡིག་ཚང་གིས་ སྤྱི་ཟླ་༧ པ་ལས་ ཞལ་འདེབས་བཏོག་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྩིས་ཁྲའི་ནང་ལས་ དངུལ་ཀྲམ་༣༡༠ བཏོགས་ཡོདཔ་ལས་ ག་ཅི་ལུ་བརྟེན་བཏོགས་ཡོདཔ་ཨིན་ན་ རྣམ་རྟོག་ལང་ཡི་ཟེར་ཨིནམ་ད་ སྨོན་ལམ་ཆེན་མོའི་དོན་ལུ་བཏོགས་ནུག་ཟེར་ ཆ་རོགས་ཀྱིས་ སླབ་པའི་ཤུལ་ལས་རྐྱངམ་གཅིག་ ཤེས་ཅི་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་བཀའ་རྒྱ་དང་འཁྲིལ་བ་ཅིན་ སྨོན་ལམ་ཆེན་མོའི་ ཞལ་འཛོམས་མཇུག་བསྡུའི་ གྲོས་ཆོད་དང་འཁྲིལ་ཏེ་ རྒེད་འོག་བདག་སྐྱོང་དང་ ལུང་ཕྱོགས་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ སྤྱིར་བཏང་ལས་བྱེདཔ་ཚུ་ལས་ དངུལ་ཀྲམ་༡༥༥ དང་ ཆུང་རིམ་སྡེ་ཚན་ལས་ དངུལ་ཀྲམ་༡༠༥ སྨོན་ལམ་ཆེན་མོའི་རྩིས་ཁྲ་ནང་ བཙུགས་དགོ་ཟེར་བཀོད་ནུག།

མ་དངུལ་ཚུ་ སྤྱི་ཟླ་༧ པ་ལས་འགོ་བཟུང་སྟེ་ ལྷག་ཆད་མེད་པར་ བཙུགས་དགོ་པའི་ཁར་ ཟླ་རིམ་བཞིན་དུ་ བཙུགས་ནི་ཨིན་ན་དང་ ཡང་ཅིན་ ཟླ་ངོ་༦ གི་བར་ན་བཙུགས་ནི་ཨིན་ན་ ཡང་ཅིན་ ལོ་རིམ་བཞིན་དུ་བཙུགས་ནི་ཨིན་ན་ རང་སོའི་ཡིག་ཚང་གི་སྟབས་བདེ་སྡུག་འཁྲིལ་ འབད་བ་མ་བཏུབ་མེད་ཟེར་ ཡིག་ཚང་བཀའ་རྒྱ་ནང་བཀོད་ནུག།

རྫོང་བདག་གིས་ མིང་རྟགས་བཀོད་མི་ ཡིག་ཚང་བཀའ་རྒྱ་ནང་ མ་དངུལ་དེ་ མ་ཚངམ་ཚངམ་སྦེ་བཙུགས་དགོ་པའི་ཁར་ བཙུགས་པའི་ཤུལ་ལུ་ རྫོང་ཁག་བདག་སྐྱོང་ནང་ འབྱོར་འཛིན་དང་སྦྲགས་ སྙན་ཞུ་ཕུལ་དགོ་ཟེར་ བཀོད་དེ་འདུག།

མིང་གསང་བཞག་མི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྨོན་ལམ་ཆེན་མོའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་མི་འབད་ཟེར་མེན་པར་ ངེས་པར་དུ་ སྤྲོད་དགོཔ་བཟོ་མི་དེ་ལུ་ སེམས་དང་མ་ལྡན་ཟེར་ཨིནམ་ད་ ལས་བྱེདཔ་ཆུང་རིམ་ཚུ་ལུ་ ཨིན་ཅི་མིན་ཅི་ར་ མ་དངུལ་སྤྲོད་དགོ་ཟེར་སླབ་ད་ མི་བཏུབ་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལས་བྱེདཔ་ལ་ལོ་ཅིག་ ཟླ་རིམ་དངུལ་ཕོགས་ཀྱིས་ ལང་ཚུགས་མ་ཚུགས་པར་སྡོད་མི་ཡོདཔ་ལས་ ལཱ་ཁག་ཡོད་ཟེར་ཨིན་པས།

འགོ་དཔོན་ཅིག་གིས་འབད་བ་ཅིན་ སྨོན་ལམ་ཆེན་མོའི་མ་དངུལ་ ལེ་ཤ་ཡོདཔ་ལས་ མ་དངུལ་ དངུལ་ཁང་ནང་བཞག་སྟེ་ སྐྱེད་ལུ་བརྟེན་ རྒྱུན་སྐྱོང་འཐབ་ཚུགས་ནི་མས་ཟེར་ཨིན་པས།

ཞི་གཡོགཔ་དང་ ལུང་ཕྱོགས་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་དངུལ་བསྡུ་བླང་དེ་ ཁྲིམས་འགལ་ཨིནམ་ལས་ གནད་དོན་ག་ཅི་ལུ་བརྟེན་ བསྡུ་བླང་འབདཝ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།

རང་སོའི་ དད་པ་དང་ དང་འདོད་དང་འཁྲིལ་ ཞལ་འདེབས་ཕུལ་བཅུག་པ་ཅིན་ ཞལ་འདེབས་ཕུལ་མི་ ལེ་ཤ་འོང་སྲིད་ཟེར་ འགོ་དཔོན་གཞན་ཅིག་གིས་ བཤད་པའི་ཁར་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༥༥ བཀྲིས་གཡང་རྩེ་ལས་ གནས་སོར་མ་འགྱོ་ཚུན་ཚོད་ བཙུགས་དགོ་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྨོན་ལམ་ཆེན་མོའི་དོན་ལུ་ མ་དངུལ་བསྡུ་བླང་འབད་དོ་ཡོདཔ་ཨིན་ན་ སྨོན་ལམ་ཆེན་མོའི་ མིང་ཐོ་ཁར་ གཞན་གྱི་དོན་ལུ་ མ་དངུལ་བསྡུ་བླང་འབདཝ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།

རྫོང་ཁག་གིས་ ཧེ་མ་ཡང་ མ་དངུལ་བསྡུ་བླང་འབད་ཡོདཔ་ལས་ དྭངས་སེལ་ག་དེ་སྦེ་ འགྱོ་དོ་ཡོདཔ་ཨིན་ནའི་ དོགས་པ་ཡོད་ཟེར་ འགོ་དཔོན་དག་པ་ཅིག་གིས་ བཤདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ འཇམ་མཁར་རྒཔོ་ ཆོས་སྐུ་གིས་ དོགས་སེལ་འབད་མིའི་ནང་ ངེས་པར་དུ་ ཞལ་འདེབས་ཕུལ་དགོ་ཟེར་བའི་ ཁྲིམས་ག་ཏེ་ཡང་མེདཔ་ལས་ རང་སོའི་ དང་འདོད་དང་འཁྲིལ་ཏེ་ཨིན་ཟེར་ དོགས་སེལ་འབདཝ་ཨིན་པས།

ད་ལྟོ་ཚུན་ཚོད་ རྫོང་ཁག་གི་འགོ་དཔོན་ཚུ་ རང་སོའི་ དང་འདོད་དང་འཁྲིལ་ ཞལ་འདེབས་ཕུལ་བཞིན་དུ་འདུག་ཟེར་ཨིནམ་ད་ ལུང་ཕྱོགས་ཡིག་ཚང་གི་ ལས་བྱེདཔ་ཚུ་ ཨིན་ཅི་མིན་ཅི་ ཞལ་འདེབས་ཕུལ་དགོཔ་ མེད་ཟེར་ཨིན་པས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྨོན་ལམ་ཆེན་མོའི་དོན་ལུ་ ཞབས་ཏོག་དང་ ཞལ་འདེབས་ཀྱི་རིགས་ སྦྱིན་བདག་སོ་སོའི་ དད་མོས་དང་འཁྲིལ་ཏེ་ ་ཕུལ་ན་མ་གཏོགས་ སྨོན་ལམ་ཆེན་མོའི་དོན་ལུ་ ཞལ་འདེབས་ཀྱི་རིགས་ བསྡུ་ལེན་མ་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ བཀའ་རྒྱ་ནང་ བཀོད་དེ་འདུག།

སྨོན་ལམ་ཆེན་མོའི་ མ་དངུལ་ཡང་ སྨོན་ལམ་ཆེན་མོའི་དོན་ལུ་མ་གཏོགས་ གཞན་ཁར་ ཟད་འགྲོ་གཏང་མི་ཆོག་ཟེར་ རང་ཟླ་༦ པའི་ཚེས་༡༥ ལུ་ སྐྱབས་རྗེ་མཆོག་གིས་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *