སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བའི་དབུ་འཛིན་ འཆི་མེད་འོད་ཟེར་དང་ བདུན་ཕྲག་དྲག་ཤོས་ཐོན་མི་སློབ་ཕྲུག་ པདྨ་ལྷ་སྐྱིད་དང་ བདེ་སྐྱིད་ཆོས་སྒྲོན།

སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བའི་ནང་ བདུན་ཕྲག་སློབ་ཕྲུག་དྲག་ཤོས་ ངོས་འཛིན་འབད་ནི་ འགོ་བཙུགས་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༤ པ་ལས་ བསམ་གྲུབ་ལྗོངས་མཁར་ སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བའི་ནང་ སློབ་ཕྲུག་ཚུ་གི་ སྐྱོན་དང་ཡོན་ཏན་ཚུ་ ངོས་འཛིན་འབད་དེ་ ཤེས་ཡོན་བརྟག་དཔྱད་དང་ ཡར་དྲག་གཏང་ནི་ཚུ་ལུ་དམིགས་ཏེ་ བདུན་ཕྲག་སློབ་ཕྲུག་དྲག་ཤོས་ཟེར་མི་ ལས་རིམ་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
ལས་རིམ་འགོ་བཙུགས་ཏེ་ ད་ལྟོ་ཚུན་ སློབ་ཕྲུག་༦༠ དང་༧༠ ལྷགཔ་ཅིག་ལུ་ བདུན་ཕྲག་སློབ་ཕྲུག་དྲག་ཤོས་ཀྱི་ ངོ་རྒྱན་ཚུ་ བྱིན་ཡོདཔ་བཞིན་དུ་ སློབ་ཕྲུག་ལ་ལོ་ཅིག་གིས་ ཚར་༢ དང་༣ དེ་ཅིག་ ཐོབ་ཡོདཔ་ད་ ལས་རིམ་དེ་གིས་ སློབ་དཔོན་ཚུ་གི་ འགན་ཁུར་དང་ སློབ་སྟོན་ཚུ་ ག་དེ་སྦེ་ འབད་ཡོདཔ་ཨིན་ན་ཚུ་ཡང་ ཤེས་རྟོགས་འབྱུང་ཚུགས་ནི་ཨིན་པས།
སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བའི་དབུ་འཛིན་ འཆི་མེད་འོད་ཟེར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ལས་རིམ་ འགོ་བཙུགས་མི་དེ་ཡང་ སློབ་ཕྲུག་ཚུ་གིས་ ག་ཅི་ལྷབ་ཡོདཔ་ཨིན་ན་དང་ ཁོང་གི་རིག་པ་དང་ལྕོགས་གྲུབ་ཚུ་ ངོས་འཛིན་འབད་ནི་ སློབ་གྲྭའི་དུས་ཚོད་མཇུག་བསྡུཝ་ད་ གྲུབ་འབྲས་ཚུ་ བརྟག་དཔྱད་འབད་ནི་ དེ་ལས་ སློབ་དཔོན་ཚུ་གི་ ལས་འགན་ཚུ་ཡང་ ཞིབ་བརྟག་འབད་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅི་ བདུན་རིམ་བཞིན་དུ་ ཆོས་ཚན་རེ་རེའི་ ཆོས་རྒྱུགས་རྐྱབ་པའི་སྐབས་ སྐུགས་ཚད་བརྒྱ་ཆ་མཐོ་ཤོས་ཐོབ་མི་ཚུ་ལུ་ ངོ་རྒྱན་བྱིན་ཐོག་ལས་ བདུན་ཕྲག་དྲག་ཤོས་སྦེ་ ངོས་འཛིན་འབད་ནི་ཨིནམ་ད་ ཆོས་ཚན་ཚུ་ཡང་ རྫོང་ཁ་དང་ཨིང་ལིཤ་ རྩིས་ ཚན་རིག་ རྫས་ཁམས་རིག་པ་ སྐྱེ་ལྡན་རིག་པ་ རྒྱལ་རབས་ ས་ཆ་རིག་པ་དང་ རིང་བཞག་གནས་སྟངས་ཚན་རིག་ལ་སོགས་པ་ཚུ་ཨིན་པས།
ཁོ་གིས་འབད་བ་ཅིན་ བདུན་རིམ་གྱི་ ཆོས་རྒྱུགས་དེ་ཡང་ སློབ་སྟོན་པ་ཚུ་གིས་ ལས་འཆར་བཟོ་མི་དང་འཁྲིལ་ འབད་དོ་ཡོདཔ་བཞིན་དུ་ སྐད་ཡིག་རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ ངོ་རྒྱན་གྱི་གནད་ཁུངས་དང་ ཆོས་ཚན་ཚུ་ཡང་ འཇམ་ཏོང་ཏོ་སྦེ་ མི་ག་ར་གིས་ ལྷག་ཚུགསཔ་སྦེ་ རྫོང་ཁའི་ནང་ བྲིས་ཏེ་ཡོད་ཟེར་ཨིན་པས།
ལས་རིམ་དེ་གིས་ སློབ་ཕྲུག་ཚུ་གིས་ བདུན་རིམ་གྱི་ ཆོས་རྒྱུགས་ཚུ་ནང་ སྐུགས་ལེགས་ཤོམ་འཐོབ་ནི་དང་ ལོ་མཇུག་ལུ་ ཆོས་རྒྱུགས་ངོ་མ་རྐྱབ་པའི་སྐབས་ཡང་ སློབ་གྲྭའི་དང་ གཞུང་གི་ཆོས་རྒྱུགས་༢ ཆ་རའི་ནང་ སྐུགས་ལེགས་ཤོམ་འཐོབ་ནིའི་དོན་ལུ་ བློ་སྟོབས་བསྐྱེད་བཅུག་ནིའི་ནང་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ ལས་རིམ་དེ་གིས་ སློབ་ཕྲུག་ཚུ་གི་ ལྕོགས་གྲུབ་དང་ རིག་པ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ལས་ ལོ་ཕྱེད་ཆོས་རྒྱུགས་ནང་ སློབ་ཕྲུག་བརྒྱ་ཆ་༩༨.༨ དེ་ཅིག་གིས་ མཐར་འཁྱོལ་ཡོདཔ་བཞིན་དུ་ ལོ་བསྟར་ཆོས་རྒྱུགས་ངོ་མའི་སྐབས་ གཞུང་དང་ སློབ་གྲྭའི་ཆོས་རྒྱུགས་༢ ཆ་རའི་ནང་ བརྒྱ་ཆ་༡༠༠ སྦེ་ མཐར་འཁྱོལ་འབྱུང་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་མཇུག་ལུ་ བདུན་ཕྲག་དྲག་ཤོས་ མཐོ་ཤོས་ཐོབ་མི་ཚུ་ལུ་ གསོལ་རས་དང་ ལག་ཁྱེར་ཚུ་ བྱིན་ནི་ཨིནམ་བཞིན་དུ་ དེ་གིས་ མ་འོངས་པར་ སློབ་གཉེར་གྲོགས་ལ་སོགས་པ་ཚུ་ འཐོབ་ནིའི་དོན་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ལས་རིམ་དེ་ལུ་ སློབ་ཕྲུག་ཚུ་གིས་ཡང་ རྒྱབ་སྐྱོར་ཡོདཔ་ཨིན་པས།
བདུན་རིམ་བཞིན་དུ་ ཆོས་རྒྱུགས་རྐྱབ་བཅུག་མི་དེ་ སློབ་ཕྲུག་ཚུ་དང་ སློབ་དཔོན་ཚུ་ལུ་ དཀའ་སྡུག་ཅན་ཅིག་ འོང་ནི་ཨིན་རུང་ དེ་གིས་ སློབ་ཕྲུག་ཚུ་གི་ ལྕོགས་གྲུབ་ཧ་གོ་ནི་ལུ་རྐྱངམ་གཅིག་མེན་པར་ སློབ་སྟོན་ཁང་ནང་ སློབ་དཔོན་ཚུ་གིས་ སློབ་སྟོན་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ཚུ་ཡང་ ཧ་གོ་ཚུགསཔ་མ་ཚད་ སློབ་ཕྲུག་ཚུ་ལུ་ ཆོས་ཚན་མ་འདྲཝ་ཚུ་ནང་ གདོང་ལེན་བྱུང་ཡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ནང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ དབུ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། སྨིན་སྦྱིས་འུང་།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *