སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བ།

སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབད་དགོཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་གི་ རྒེད་འོག་༣ གྱི་ སློབ་ཕྲུག་ཨ་ལོ་ཚུ་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ སློབ་གྲྭ་གཞན་ཚུ་ནང་ འགྱོ་དགོཔ་ལས་ དེ་ཁའི་མི་ཚུ་གིས་ གསེར་ཐིག་རྒེད་འོག་ནང་ཡོད་པའི་ སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བ་དེ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
དུས་ཅི་ དྲུང་ཁག་གི་ རྒེད་འོག་ལས་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཨོ་རོང་སློབ་གྲྭ་ལྟེ་བ་དང་ ཀརྨ་གླིང་འབྲིང་རིམ་གོང་མའི་ནང་ སློབ་ཕྲུག་༧༠ ལྷགཔ་ཅིག་སོང་ནུག།
སློབ་ཕྲུག་གི་ ཕམ་ཅིག་ཨིན་མི་ བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བའི་ནང་ སློབ་རིམ་༡༠ པ་ཚུན་ བཟོ་གནང་མི་དེ་གིས་ གསེར་ཐིག་རྒེད་འོག་དང་ ལྷག་པར་དུ་ རྒེད་འོག་གཞན་མི་༢ ལུ་ཡང་ ཕན་ཐོགས་བྱུང་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་ལོ་ཚུ་ སློབ་གྲྭ་ལྟེ་བ་དེ་ལས་ སློབ་རིམ་༡༠ པ་ མཇུག་བསྡུ་བའི་ཤུལ་ལུ་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཨ་རོང་སློབ་གྲྭ་ལྟེ་བ་དང་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ ཀརྨ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ འགྱོ་དགོཔ་ལས་ ཕམ་ལ་ལོ་ཅིག་ ཟད་འགྲོ་གཏང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༢༤ ལང་མི་ ཚེ་རིང་གིས་ སླབ་མིའི་ནང་ མོ་གི་ཆ་རོགས་ཚུ་ སློབ་གྲྭ་གཞན་ཁར་ སློབ་རིམ་༡༡ པའི་ནང་ ལྷབ་པར་འགྱོ་བའི་སྐབས་ ཕམ་༢ ཀྱིས་ ཟད་འགྲོ་གཏང་མ་ཚུགསཔ་ལས་ སྤྱི་ལོ་༢༠༡༥ ལུ་ སློབ་རིམ་༡༠ པ་ མཇུག་བསྡུ་བའི་ཤུལ་ལུ་ ཕམ་དང་གཅིག་ཁར་ གཡུས་ཁ་ལུ་སྡོད་དེ་ ལཱ་འབད་སྡོད་དགོཔ་ བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་རྐྱངམ་གཅིག་མེན་པར་ དེ་བཟུམ་སྦེ་ལུས་མི་ ལེ་ཤ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ལུ་ སློབ་གྲྭ་འགོ་བཙུགས་པའི་སྐབས་ སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བ་དེ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབད་བ་ཅིན་ དཔེ་ཆ་ལྷབ་འདོད་ཡོད་མི་ མོ་བཟུམ་མའི་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཕམ་གཞན་ཚུ་གིས་ སླབ་མིའི་ནང་ མཐའ་ཟུར་གྱི་ ཨ་ལོ་ཚུ་ སློབ་གྲྭ་གཞན་ཁར་ དཔེ་ཆ་ལྷབ་པར་འགྱོ་བའི་སྐབས་ ལྟ་རྒྱ་མཐོང་རྒྱ་ལ་སོགས་པའི་ ཕན་ཐོགས་ཚུ་ཡོད་རུང་ མང་ཤོས་ར་ ཕམ་ཉམ་ཆུང་འབད་མི་ལུ་བརྟེན་ ཟད་འགྲོ་གཏང་མ་ཚུགས་པའི་ གདོང་ལེན་ཚུ་ ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འཕྲལ་འཕྲལ་ཨ་ལོ་ཚུ་ ན་བའི་སྐབས་ སློབ་གྲྭ་ལམ་ཐག་རིང་ནི་དེ་གིས་ ལྷོད་མ་ཚུགས་པའི་ དཀའ་ངལ་ཚུ་ ཐོན་དོ་ཡོདཔ་བཞིན་དུ་ སློབ་གྲྭའི་ཉེ་འདབས་ལུ་འབདཝ་ད་ ཐད་ཀར་དུ་ ལྷོད་ཚུགསཔ་ལས་ སྨན་སྦྱིས་འུང་སློབ་གྲྭ་ལྟེ་བ་དེ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབདབ་ཅིན་ ཕན་ཐོགས་འབྱུང་ནི་ཨིན་པའི་ཁར་ འོས་འབབ་ཡང་ ཡོད་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་ རིན་ཆེན་རྒྱལ་མཚན་གྱིས་ སླབ་མིའི་ནང་ སང་ཕོད་ལས་ སྨིན་སྦྱིས་འུང་སློབ་གྲྭ་ལྟེ་བ་དེ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ད་ ད་ལྟོ་ ཤེས་རིག་ལྷན་ཁག་ནང་ བཏང་ཡོདཔ་བཞིན་དུ་ འོས་འབབ་ཡང་ཡོདཔ་ལས་ འཕྲལ་མགྱོགས་ར་ ཆ་འཇོག་འབད་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་སྟོན་ཁང་༢ དེ་ཅིག་ གྲ་སྒྲིག་འབད་ཡོདཔ་བཞིན་དུ་ ཁང་ཚན་༨ འབད་མི་ སློབ་སྟོན་ཁང་དང་ ཉལ་ཁྲི་༩༦ འབད་མི་ ཉལ་ཁང་༢ བཟོ་སྐྲུན་འབད་ནི་ཟེར་ཨིནམ་ད་ ནང་རིག་དང་ ཚོང་རིག་གི་ ཆོས་ཚན་རྐྱངམ་གཅིག་མ་གཏོགས་ སློབ་གྲྭ་དེ་ནང་ ཚན་རིག་གི་ ཅ་ཆས་ཚུ་མེདཔ་ལས་ ཚན་རིག་ཆོས་ཚན་དེ་ འགོ་བཙུགས་མི་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། གསེར་ཐིག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *