སྨན་བཅོས་སྐབས་ ནོར་འཁྲུལ་བྱུང་མི་དེ་ ནད་པའི་ཉེན་སྲུང་ལུ་ ཉེན་ཁ་ཆེ་དྲགས།

༉ འཕྲོད་བསྟེན་གྱི་ མཐུན་རྐྱེན་ཡོད་མི་ཚུ་ནང་ སྨན་གཡོགཔ་ཚུ་གིས་ སྨན་བཅོས་འབདཝ་ད་ ནོར་འཁྲུལ་བྱུང་མི་དེ་ མི་མང་གི་འཕྲོད་བསྟེན་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཨིནམ་བཞིན་དུ་ ནད་པའི་ཉེན་སྲུང་ལུ་ ཉེན་ཁ་ཆེ་དྲགས་ཡོདཔ་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ སྨན་གཡོགཔ་ཚེ་རིང་སྒྲོལ་མ་དང་ ཆ་རོགས་སྡེ་ཚན་ཅིག་གིས་ བརྟག་ཞིབ་འབད་མི་སྙན་ཞུ་དང་འཁྲིལཝ་ད་ སྨན་བཅོས་འབད་བའི་སྐབས་ ནོར་འཁྲུལ་བྱུང་མིའི་ ཚད་གཞི་དེ་ མཐོ་སུ་སྦེ་འདུག་ཟེར་ཨིན་པས།

སྨན་བཅོས་ནོར་འཁྲུལ་དེ་ དོན་ཅན་མེན་མི་དང་ ནོར་འཁྲུལ་དེ་ སྨན་བཅོས་ཀྱི་བྱ་རིམ་སྐབས་ སྨན་ཡིག་འབྲི་ནི་དང་ ཡིག་ཐོ་བཀོད་ནི་ སྨན་སྤྲོད་ནི་ དེ་ལས་ བདག་སྐྱོང་གིས་ ལྟ་རྟོག་དང་ ཡིག་ཐོ་བཀོད་པའི་སྐབས་ལུ་ བྱུང་མི་ཚུ་ཨིན་པས།

སྨན་བཅོས་ཀྱི་ནོར་འཁྲུལ་དང་ མཉམ་འབྲེལ་གནད་དོན་ལུ་ བརྟག་ཞིབ་འབད་བའི་སྐབས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་གཡོགཔ་༥༠༨ ཡོད་པའི་གྲས་ལས་ སྨན་གཡོགཔ་༢༢༥ གིས་ འདས་པའི་ཟླཝ་༦ ནང་ སྨན་བཅོས་ནོར་འཁྲུལ་བྱུང་མི་དེ་ བརྒྱ་ཆ་༦༣ འདུག་ཟེར་ཨིན་པས།

སྨན་བཅོས་ནོར་འཁྲུལ་ལས་ སྨན་གྱི་ཐུན་ཚད་བྱིན་མི་བརྒྱ་ཆ་༤༣.༡ ཁྱབ་ཆེ་དྲགས་དང་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ དུས་ཚོད་འཛོལ་ཏེ་ བདག་སྐྱོང་གིས་ སྨན་བྱིན་མི་དེ་ བརྒྱ་ཆ་༢༥.༣ དང་ དྲུང་འཚོ་གི་ བཀོད་རྒྱ་དང་མ་འཁྲིལ་བར་ སྨན་བྱིན་མི་བརྒྱ་ཆ་༡༩.༡ དེ་ལས་ སྨན་འཛོལ་ཏེ་བྱིན་མི་བརྒྱ་ཆ་༡༨.༧ ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ཡོདཔ་ཨིན་པས།

སྨན་བཅོས་ཚུ་ བདག་སྐྱོང་ལས་ བརྒྱུད་དེ་མེན་པའི་གནད་དོན་བརྒྱ་ཆ་༣.༦ དང་ སྨན་མ་འཕྲོད་པའི་གནད་དོན་བརྒྱ་ཆ་༤ བྱུང་མི་ཚུ་ ཉུང་ཤོས་ཅིག་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ སྤྱིར་བཏང་ནདཔ་བཞག་ས་དང་ ནདཔ་བདག་འཛིན་འབད་མི་ སྨན་གཡོགཔ་ཚུ་དང་ཕྱདཔ་ད་ ཚབས་ཆེན་སྨན་བཅོས་དང་ ཨ་ལུའི་ནདཔ་བདག་འཛིན་འབད་མི་ སྨན་གཡོགཔ་ཚུ་གིས་ སྨན་བཅོས་ནོར་འཁྲུལ་མང་ཤོས་ བྱུང་ནུག་ཟེར་ཨིན་པས།

སྨན་བཅོས་ནོར་འཁྲུལ་བྱུང་མི་དེ་ གནད་དོན་ཚབས་ཆེན་ཅིག་ཨིནམ་ལས་ ནད་པའི་ཉེན་སྲུང་ལུ་ ཉེན་ཁ་ཆེ་དྲགས་དང་ དེ་གིས་སྦེ་ སྨན་ཁང་ནང་ སྡོད་མི་ཡར་སེང་འགྱོ་ནི་དང་ སྨན་བཅོས་ཟད་འགྲོ་ དེ་ལས་ ཤི་རྐྱེན་ཡར་སེང་འགྱོ་འོང་ཟེར་ བརྟག་ཞིབ་སྙན་ཞུ་ནང་ བཀོད་དེ་འདུག།

བརྟག་ཞིབ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྨན་གཡོགཔ་ཚུ་གིས་ ནོར་འཁྲུལ་བྱུང་བའི་གནད་དོན་ཚུ་ དེ་འཕྲོ་ལས་ དང་ལེན་འབད་ཞིནམ་ལས་ སྙན་ཞུ་འབད་དགོཔ་ཨིན་རུང་ སྙན་ཞུ་མ་འབད་བའི་ཁར་ སྣང་མེད་སྦེ་བཞག་ནུག་ཟེར་ཨིན་པས།

གདོང་ལེན་དང་རྒྱབ་སྣོན།

བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ནདཔ་ཚུ་གི་ ཉེན་སྲུང་ལུ་ སྨན་བཅོས་ནོར་འཁྲུལ་གྱི་ སྙན་ཞུ་འབད་ནིའི་ རིམ་ལུགས་གཞི་བཙུགས་འབད་ནི་དང་ ནོར་འཁྲུལ་ཞིབ་དཔྱད་སྙན་ཞུ་འབད་ནི་ དེ་ལས་ དཀའ་ངལ་སེལ་ཐབས་འབད་ཚུ་ལུ་ ལཱ་འབད་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ དང་ལེན་འབད་ཞིནམ་ལས་ ནོར་འཁྲུལ་བཀག་ནི་དང་ མར་ཕབ་འབད་དགོཔ་བཞིན་དུ་ ག་ཅི་སྦེ་ ནོར་འཁྲུལ་བྱུང་ཡོདཔ་ཨིན་ན་དང་ ག་དེ་སྦེ་ དང་ལེན་འབད་ནི་ཨིན་ན་ཚུ་ལུ་ གཙོ་བོར་བཟུང་དགོཔ་འདུག་ཟེར་ བརྟག་ཞིབ་ནང་བཀོད་ཡོདཔ་ཨིན་པས།

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ སྨན་གཡོགཔ་གོངམ་ཅིག་གིས་ སླབ་མིའི་ནང་ ལས་སྣ་ཅིག་ ཟླ་རིམ་བཞིན་དུ་ ནད་པའི་ལས་ཁུངས་ནང་ སྨན་གཡོགཔ་ཚུ་གིས་ སྨན་བཅོས་ནོར་འཁྲུལ་བྱུང་མ་འབྱུང་གི་ རྩིས་ཞིབ་འབད་བ་ཅིན་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ལུ་ ཕན་གྲོགས་འབད་ནི་མས་ཟེར་ཨིན་པས།

སྨན་གཡོགཔ་བདག་སྐྱོང་དང་ སྨན་གཡོགཔ་༢ ཆ་ར་ལུ་ རང་སོའི་ འཆར་གཞི་དང་བསྟུན་པའི་ འགན་ཁུར་ཚུ་ཡོདཔ་ལས་ དེ་གིས་ ནོར་འཁྲུལ་མར་ཕབ་འབད་ནི་དང་ སྤུས་ཚད་ལྡན་པའི་ སྨན་གཡོག་ཞབས་ཏོག་བྱིན་ནི་སྦེ་ ལོ་བསྟར་གྲུབ་འབྲས་བརྡ་སྟོན་ནང་ འཁོད་དེ་ཡོད་ཟེར་ཨིན་པས།

ཨིན་རུང་ སྨན་ཁང་ནང་ དཀའ་ངལ་དང་ གདོང་ལེན་ཚུ་ བསལ་མ་ཚུགས་པར་ དེ་སྦེ་ར་ ལུས་ནི་ཨིན་མི་དེ་ འཕྲོད་བསྟེན་སྡེ་ཕྲན་ནང་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིན་པས།

སྤུས་ཚད་ཅན་གྱི་ སྨན་བཅོས་ཞབས་ཏོག་སྤྲོད་ནི་ལུ་ སྨན་གཡོགཔ་གོང་མ་དང་འཁྲིལཝ་ད་ ཁྱད་ཚད་ལྡན་མི་དང་ ཉམས་མྱོང་ཡོད་མི་ སྨན་གཡོགཔ་ཚུ་ ལངམ་སྦེ་མེདཔ་ལས་ ལྟ་རྟོག་འབད་ནི་དང་ སྨན་གཡོགཔ་གསརཔ་ དེ་ལས་ སྦྱོང་བརྡར་འབད་བའི་བསྒང་ཨིན་མི་ སྨན་གཡོགཔ་ཚུ་ལུ་ ལྟ་རྟོག་དང་ བསླབ་སྟོན་འབད་མ་ཚུགསཔ་ལས་ ནདཔ་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་མ་ཚུགས་པས་ཟེར་ཨིན་པས།

འཛམ་གླིང་འཕྲོད་བསྟེན་ལས་སྡེའི་ སྙན་ཞུ་༢༠༡༧ དང་འཁྲིལ་བ་ཅིན་ ནདཔ་༡༠ ལུ་ སྨན་གཡོགཔ་རེ་དགོ་ཟེར་ འཁོད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *