འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང།

སྨན་བཅོས་ཞབས་ཏོག་གི་དོན་ལུ་ སྨན་ཁང་ནང་འགྱོཝ་ད་ ངོ་སྤྲོད་ལག་ཁྱེར་འབག་དགོཔ།

༉ འབྲུག་པའི་མི་སེར་ཚུ་ ད་ལས་ཕར་ སྨན་ཁང་ནང་ སྨན་བཅོས་ཀྱི་དོན་ལུ་ ཞབས་ཏོག་ལེན་པར་འགྱོཝ་ད་ ངོ་སྤྲོད་ལག་ཁྱེར་དང་ ཡིག་རིགས་ཚུ་འབག་སྟེ་ ཐོ་བཀོད་འབད་དགོཔ་ཨིན་པས།

དེ་ཡང་ གསོ་བའི་ལྷན་ཁག་གིས་ སྨན་བཅོས་འབད་བར་འོང་མི་ ནདཔ་ཚུ་གི་ ནད་རིགས་ཚུ་ འཇམ་ཏོང་ཏོ་སྦེ་ ངོས་འཛིན་འབད་ཐབས་ལུ་ ནད་གཞི་འཕྲུལ་རིག་བརྡ་དོན་ལམ་ལུགས་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ ད་ལྟོ་ ལཱ་འབད་བའི་བསྒང་ར་ཡོདཔ་ཨིན་པས།

འཆར་གཞི་༡༢ པའི་ནང་ རྒྱལ་ཁབ་ཀྱི་ སྨན་ཁང་ག་རའི་ནང་ སྨན་བཅོས་ཀྱི་དོན་ལུ་ འོང་མི་ནདཔ་ཚུ་གི་ ནད་རིགས་ཚུ་ ངོ་སྤྲོད་ལག་ཁྱེར་ཐོག་ལུ་ ཡོངས་འབྲེལ་ལག་ལེན་འཐབ་ཐོག་ལས་ གནས་ཐོ་བཞག་དགོཔ་སྦེ་ གོ་བརྡ་སྤེལ་ཡོད་མི་དེ་ཡང་ ནདཔ་ཚུ་ལོག་སྨན་ཁང་ནང་འོངམ་ད་ ཡོངས་འབྲེལ་འཕྲུལ་རིག་ལུ་བརྟེན་ དེ་འཕྲོ་ལས་ ངོས་འཛིན་འབད་ཚུགས་ནིའི་དོན་ལུ་ཨིན་པས།

དུས་ཅི་ སྤྱི་ཟླ་༩ པའི་ཚེས་༢༦ ལུ་ གསོ་བའི་ལྷན་ཁག་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ལུང་ ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་གིས་ ལས་འགུལ་འགོ་འདྲེན་འཐབ་ནིའི་དོན་ལུ་ མི་མང་ལུ་ གོ་བརྡ་སྤྲོད་དགོཔ་ ཨིན་པས།

དེ་ཡང་ འབྲུག་པའི་མི་ཁུངས་ཚུ་གི་དོན་ལུ་ རང་སོའི་ངོ་སྤྲོད་ལག་ཁྱེར་དང་ སྣུམ་འཁོར་བཏང་ཆོག་པའི་ལག་ཁྱེར་ ཚོགས་རྒྱན་ཀཱཌ་ འབྲུག་རྒྱལ་ཁབ་ནང་ སྡོད་ཆོག་པའི་ཡིག་རིགས་ ལཱ་གི་ཆོག་ཐམ་ དེ་ལས་ ཕྱི་མིའི་དོན་ལུ་ ལམ་ཡིག་ཚུ་ དགོཔ་ཨིན་པས།

དེ་བཟུམ་སྦེ་ ནདཔ་ཚུ་ ཐོ་བཀོད་འབདཝ་ད་ ངོ་སྤྲོད་ལག་ཁྱེར་དང་ ཆོག་ཐམ་གསལ་བཏོན་འབད་མི་དང་འཁྲིལ་ ལས་བྱེདཔ་ཚུ་གིས་ གློག་རིག་ཀམ་པི་ཊར་དང་ སྨན་ཡིག་འབྲི་ཤོག་ནང་གསལ་བཏོན་ ཡང་ཅིན་ འབྲི་དགོཔ་ཨིན་པས།

གལ་སྲིད་ ནདཔ་ཚུ་གིས་ ངོ་སྤྲོད་ལག་ཁྱེར་དང་ ཆོག་ཐམ་ ཡིག་རིགས་ཚུ་ འབག་ནི་མེད་པ་ཅིན་ གསོ་བའི་ ཞབས་ཏོག་སྤྲོད་མི་ཚུགས་ནི་དང་ ཤུལ་ལས་ སྨན་བཅོས་ཀྱི་དོན་ལུ་ འབག་འོང་དགོ་པའི་སྐོར་ལས་ གོ་བརྡ་སྤྲོད་དགོ་ཟེར་ཨིན་པས།

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ སྤྱི་ཟླ་༡༠ པའི་ནང་ ཡོངས་འབྲེལ་གདོང་དེབ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྨན་བཅོས་ཞབས་ཏོག་ལེན་པར་འོངམ་ད་ མི་ཁུངས་ངོ་སྤྲོད་ལག་ཁྱེར་དང་ ཆོག་ཐམ་ཚུ་འབག་འོང་དགོཔ་སྦེ་ གསལ་བསྒྲགས་འབད་ནུག།

གནས་རིམ་ཅན་གྱི་ བརྡ་དོན་འཕྲུལ་རིག་ འབྲུག་ཡུལ་དམིགས་བསལ་གཙོ་བསྟེན་ལས་རིམ་འོག་ལུ་ ལས་འགུལ་ དེ་ འགོ་འདྲེན་འཐབ་དགོཔ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་མཛད་གནང་ནུག།

གསོ་བའི་ལྷན་ཁག་གིས་ ལས་འགུལ་དེ་གི་དོན་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༤ དེ་ཅིག་འཚོལ་ཡོདཔ་ད་ ལས་འགུལ་དེ་གིས་ ནདཔ་ཚུ་གི་ ནད་རིགས་ཚུ་ ཐད་ཀར་དུ་ ངོས་འཛིན་འབད་ཚུགས་ནི་དང་ ནད་རིགས་ཞིབ་འཚོལ་འབད་ནིའི་ནང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ འཕྲུལ་རིག་བརྡ་དོན་ལམ་ལུགས་ལུ་བརྟེན་ མཐའ་ཟུར་གྱི་ སྨན་ཁང་ཚུ་གིས་ ནདཔ་ཚུ་ལུ་ གོ་བརྡ་སྤེལ་ཚུགས་ནི་ཨིནམ་མ་ཚད་ རྒེད་འོག་སྨན་ཁང་ལས་ རྫོང་ཁག་སྨན་ཁང་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ཚུ་ནང་ ནདཔ་ཚུ་བཏངམ་ད་ འཇམ་ཏོང་ཏོ་སྦེ་ ནད་གཞི་ངོས་འཛིན་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *