སྨན་གཡོགམོ་ཚུ་ ཕྱི་རྒྱལ་ལུ་ གཏང་ནི་མེན་པར་ མི་སྟོབས་ཀྱི་ དཀའ་ངལ་སེལ་དགོཔ།

༉ ད་ཚུན་གྱི་བར་ན་ འབྲུག་ལུ་ སྨན་བཅོས་ཞབས་ཏོག་ ལེགས་བསྒྱུར་དང་ ཡར་དྲག་སོང་མི་དེ་ ང་བཅས་རའི་ གསོ་བའི་སྨན་པ་ཚུ་གིས་ སྨན་ཁང་ཚུ་ནང་ མཐུན་རྐྱེན་དང་ མི་སྟོབས་ལངམ་མེད་རུང་ ཅི་དྲག་གང་དྲག་ཐོག་ལས་ ཞབས་ཏོག་ཞུ་མི་ལུ་བརྟེན་ཨིན།
མ་གཞི་ གསོ་བའི་སྨན་པ་ཚུ་གིས་ རྩ་འགེངས་ཏེ་ ཞབས་ཏོག་མཁོ་སྤྲོད་འབད་མི་ལུ་ ཡིད་ཆེས་བསྐྱེད་མི་དང་ ལེགས་བསྟོད་འབད་མི་ གངམ་མེད་རུང་ གསོ་བའི་སྨན་ཁང་ཚུ་ནང་ སྨན་པ་ལངམ་མེད་པ་ཅིན་ མི་མང་ལས་ ཉོགས་བཤད་གཅིག་ཤུལ་གཉིས་ཤུལ་ བཀོད་མི་དེ་ཡང་ ནདཔ་ཚུ་ལུ་ དུས་ཚོད་ཁར་ སྨན་བཅོས་འབད་མི་ མེད་ནི་དེ་གིས་ཨིན་མས།
ལོ་བསྟར་གསོ་བའི་དུས་དེབ་༢༠༡༩ ཅན་མ་དང་འཁྲིལཝ་ད་ ད་རེས་ སྤྱིར་བཏང་གསོ་བའི་ལམ་ལུགས་ནང་ གྱངས་ཁ་དང་ སྤུས་ཚད་གཉིས་ཆའི་ཐད་ལུ་ གསོ་བའི་ལས་བྱེདཔ་ལངམ་མེད་པའི་ དཀའ་ངལ་དེ་ འཕྲོ་མཐུད་གནས་ཡོདཔ་ལས་ གསོ་བ་ལྷན་ཁག་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་འདུག་ཟེར་ཨིན་མས།
གསོ་བ་ལྷན་ཁག་གི་ གནས་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ནང་ སྨན་བཅོས་མཁས་མཆོག་དང་ སྨན་གཡོགམོ་ འཕྲུལ་ལསཔ་ཚུ་བརྩིས་ཏེ་ དབྱེ་རིམ་སོ་སོའི་ནང་ ལཱ་འབད་མི་ གསོ་བའི་ལས་གཡོགཔ་༢,༢༠༡ གིས་ མ་ལང་པར་ཡོདཔ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ རྒྱལ་ཁབ་ཀྱི་ གཙོ་བསྟེན་སྨན་ཁང་སྦོམ་ཤོས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་ནང་ར་ ད་རེས་ སྨན་གཡོགམོ་༡༢༠ དགོཔ་ཡོདཔ་ཨིན་མས།
དེ་འབདཝ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ སྦྱོང་བརྡར་མཐར་འཁྱོལ་མི་ སྨན་གཡོགམོ་ལེ་ཤ་ཅིག་ར་ ཁྲོམ་ཁ་ལས་ཕར་ ལཱ་གཡོག་འཚོལ་བའི་བསྒང་ཡོད་མི་དང་ ལས་གཡོག་ལྷན་ཁག་གིས་ འབྲུག་པའི་སྨན་གཡོགམོ་ཚུ་ ཕྱི་རྒྱལ་ལུ་ ལཱ་གཡོག་འབད་བར་ གཏང་ནི་གི་ འོས་འབབ་བལྟ་མི་དེ་ ཧ་ལས་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ད་རེས་ རྒྱལ་ཁབ་ཀྱི་ སྨན་ཁང་མང་ཤོས་ཅིག་ནང་ སྨན་གཡོགམོ་ལངམ་མེད་པའི་ དཀའ་ངལ་ཡོདཔ་མ་ཚད་ ལཱ་འབད་བཞིན་དུ་ཡོད་མི་ཚུ་ཡང་ དགོངསབ་ཞུ་སྟེ་འགྱོ་བའི་ ནམ་དུས་ལུ་ གཞུང་གིས་ ཕྱི་རྒྱལ་ལུ་ ལཱ་འབད་བར་ འགྱོ་དགོ་པའི་ སེམས་ཤུགས་བསྐྱེདཔ་ཨིན་མས།
དེ་ཡང་ དཔེར་ན་ གཞུང་གིས་ སྦྱོང་བརྡར་འབད་ཚར་མི་ སྨན་གཡོགམོ་༢༥ སིངྒ་པུར་ལུ་ གཏང་ནི་གི་ གྲ་སྒྲིག་འབདཝ་མ་ཚད་ སིངྒ་པུར་གྱི་ སྨན་ཁང་ཅིག་ནང་ ལོ་༢ ཀྱི་རིང་ ལཱ་འབད་བར་ གཏང་ནིའི་དོན་ལུ་ ད་ལྟོ་ སྨན་གཡོགམོ་༨ བཙག་འཐུ་འབད་དེ་ཡོདཔ་ད་ གོང་ལུ་བཀོད་དོ་བཟུམ་ རྒྱལ་ཁབ་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་དང་ ལཱ་གཡོག་ནང་ལས་ དགོངས་ཞུ་འགྱོ་མིའི་ གྱངས་ཁ་མཐོ་དྲགས་སྦེ་ར་ཡོད་རུང་ ལོགས་གཅིག་ཁ་ལས་ གཞུང་གིས་ སྨན་གཡོགམོ་༢༥ ཕྱི་རྒྱལ་ལུ་ ལཱ་འབད་བར་ གཏང་ནི་དེ་ གནད་དོན་མ་འདྲཝ་ཅིག་ཨིན་མས།
མ་གཞི་ སྨན་གཡོགམོ་ཚུ་ དགོངས་ཞུ་འགྱོ་ནི་ལས་ བཀག་མི་ཚུགས་ནི་ཨིན་རུང་ འབྲུག་ལུ་ གསོ་བའི་སྨན་པ་ལངམ་མེད་པའི་ གདོང་ལེན་བྱུང་པའི་ ནམ་དུས་ལུ་ ད་རེས་ནངས་པར་ ཁྲོམ་སྡེ་ཚུ་ནང་ ལཱ་གཡོག་འཚོལ་མི་ སྦྱང་བརྡར་ཅན་གྱི་ སྨན་གཡོགམོ་༥༠༠ ཡོད་མི་ཚུ་ལུ་ ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ ལཱ་གཡོག་གོ་སྐབས་བཟོ་ནི་གི་ ཐབས་ལམ་བཏོན་དགོཔ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *