སྨན་ཁབ་མཐར་འཁྱོལ་འབྱུང་ནིའི་དོན་ལུ་ སྤྱི་རུབ་འགན་ཁུར་འབག་དགོཔ།

༉ འདས་པའི་ཉིནམ་༤ གི་རིང་ རྒྱལ་ཁབ་མཐའ་དབུས་མེད་པར་ ནད་ཡམས་ཀོ་བིཌ་- ༡༩ འི་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་གི་མི་འབོར་ལས་ ཕྱེད་ལྷགཔ་ཅིག་གིས་ ཚ་གྱང་འབག་སྟེ་ སྨན་ཁབ་བཙུགས་པར་ འོང་མི་ལུ་ལྟཝ་ད་ ངོས་ལེན་ལེགས་ཤོམ་ཡོད་པའི་ བརྡ་ཚོན་ཅིག་ཨིན་མས།

ལྷན་ཁག་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ སྨན་ཁབ་བཙུགས་མིའི་གྲས་ལས་ བརྒྱ་ཆ་༢ དེ་ཅིག་ལུ་ མགུ་ཏོ་ན་ནི་དང་ དྲོད་འབར་རྐྱབ་ནི་ དེ་ལས་ ཁམས་ཕོག་རྐྱབ་པའི་ རྟགས་མཚན་ཚུ་སྟོན་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ན་ཟུག་རྐྱབ་རུང་ སྙན་ཞུ་མ་འབད་བས་ཟེར་ཨིན་མས།

གསོ་བའི་མཁས་མཆོག་ཚུ་གིས་ ཡང་བསྐྱར་གསལ་བཤད་འབད་མིའི་ནང་ སྨན་ཁབ་བཙུགས་ཚར་བའི་ཤུལ་ལས་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ནང་ ན་ཟུག་ཤུགས་སྦེ་རྐྱབ་པའི་ རྟགས་མཚན་མ་སྟོན་པ་ཅིན་ འགྲོས་ཀྱིས་སྦེ་ སངས་ཚུགས་ནི་ཨིནམ་ལས་ ཉེན་ཁ་མེད་ཟེར་ཨིན་མས།

སྨན་ཁབ་ལུ་བརྟེན་ ན་ཟུག་རྐྱབ་མི་ཚུ་གིས་ མ་དྲག་ཚུན་ ཁོང་རའི་ ཡིག་ཚང་ནང་ལས་ ངལ་གསོ་ལེན་ཏེ་ ཁྱིམ་ནང་སྡོད་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ ཐ་ན་ ཁོང་རའི་ གུ་རམ་ནད་དང་ ཁྲག་ཤུགས་ནད་ དེ་ལས་ ནད་གཞི་གཞན་གྱི་ དུས་རྒྱུན་སྨན་ཚུ་ཡང་ མ་བཟའ་བར་ སྡོད་ཡོདཔ་ཨིན་པས།

ཌོག་ཊར་ཚུ་གིས་ སླབ་མིའི་ནང་ དུས་རྒྱུན་བཟའ་མི་སྨན་ཚུ་ མ་ཆད་པར་ བཟའ་དགོ་ཟེར་ཨིནམ་ད་ གལ་སྲིད་ མ་བཟའ་བ་ཅིན་ སྨན་ཁབ་ཀྱིས་ གནོད་སྐྱོན་རྐྱབ་མི་བ་ ཉེན་ཁ་ཆེ་ཟེར་ཨིན་མས།

སྨན་ཁབ་བཙུགས་མི་ཚུ་གིས་ ཉོགས་བཤད་བཀོད་མིའི་ནང་ སྨན་ཁབ་བཙུགས་སའི་ ས་ཁོངས་ནང་སྡོད་མི་ ཌོག་ཊར་གྱི་འགྲུལ་འཕྲིན་ཨང་བྱིན་མི་དེ་ ནམ་ར་འབད་རུང་ འདུ་འཛི་ཅན་སྦེ་ སྡོད་ནི་དེ་གིས་ སྨན་ཁབ་དང་འབྲེལ་བའི་ དོགས་སེལ་འབད་ནི་དང་ སྨན་ཁབ་ཀྱིས་ ན་ཟུག་རྐྱབ་པའི་སྐབས་ དྲི་དཔྱད་ཚུ་ རྩ་ལས་ར་ འབད་མི་ཚུགས་པས་ཟེར་ཨིན་མས།

སྤྱིར་བཏང་མི་མང་གི་ ས་ཁོངས་ཚུ་ སྨན་ཁབ་ལུ་བརྟེན་པའི་ ན་ཟུག་རྐྱབ་པའི་སྐོར་ལས་ བདེན་ཁུངས་མེད་པའི་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་པའི་ཁར་ བརྡ་དོན་ཚུ་ ཕྱི་འགྱུར་སྤེལ་དོ་ཡོདཔ་ལས་ ཆ་བཞག་ནི་ལུ་ཡང་ ཉེན་ཁ་འདུག།

རྒྱུ་མཚན་འདི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་མང་གི་ ཕན་ཁྱད་ལུ་བལྟ་སྟེ་ བར་འབྲེལ་འཐབ་ཞིནམ་ལས་ བྱ་སྟབས་མ་བདེཝ་བྱུང་མི་ཚུ་ སེལ་ཐབས་འབད་དགོཔ་འདུག་ཟེར་ཨིན་མས།

ལ་མཐོ་སའི་ས་གནས་ ལུང་ནག་ནང་བཟུམ་ཅིག་འབད་བ་ཅིན་ འདས་པའི་ཉིནམ་ཚུ་ནང་ གསོ་བའི་འགོ་དཔོན་ཚུ་གིས་ ས་གནས་ཅིག་ནང་ སྨན་ཁབ་བཙུགས་ཚར་བའི་ཤུལ་ལས་ ཁ་གཏོར་ཡོད་མི་ གཡུས་ཚན་གཞན་ཚུ་ནང་ སྨན་ཁབ་བཙུགས་ནིའི་ གྲ་སྒྲིག་དོན་ལུ་ གནམ་ནུབ་མོ་ཡང་ ལམ་འགྲུལ་འབད་དེ་ དཀའཝ་སྤྱད་དོ་ཡོདཔ་ཨིན་མས།

ཕྱོགས་གཅིག་ལས་བལྟ་བ་ཅིན་ གསོ་བའི་མཁས་མཆོག་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཀྱི་བརྡ་དོན་ཚུ་ ཁྱབ་སྤེལ་འབད་མ་ཚུགས་པའི་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ སྤྱི་ཚོགས་ཀྱི་འཐུས་མི་དང་ ས་གནས་ཀྱི་འགོ་ཁྲིདཔ་ དེ་ལས་ བརྡ་བརྒྱུད་ཚུ་གིས་ ལྷན་ཐབས་རྒྱབ་སྐྱོར་འབད་དགོཔ་འདུག།

འབྲུག་མི་ཆ་མཉམ་གྱིས་ མཉམ་འབྲེལ་ཐོག་ལས་ གཅིག་མཐུན་དང་ སྤྱི་རུབ་འགན་ཁུར་འབག་པ་ཅིན་ རྒྱབ་ཡོངས་སྨན་ཁབ་ལས་རིམ་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *