མོང་སྒར་ལུ་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ འགོ་བཙུགས་པའི་སྐབས་ རྒན་ཤོས་ཚུ་ལུ་ གཙོ་རིམ་བྱིན་ཏེ་ ཁབ་བཙུགས་པའི་བསྒང་།

སྨན་ཁབ་བཙུགས་ཞིནམ་ལས་ སེམས་བག་ལྷོད་སྦེ་ སྡོད་ནི་དེ་ ཉེན་ཁ་ཡོདཔ།

༉ འདས་པའི་ཉིན་གྲངས་༩ ནང་ མི་འབོར་༤༦༦,༨༡༡ གིས་ ཨཱསི་ཊ་ཛེ་ནི་ཀ་དང་ ཀོ་བི་ཤེལཌ་ཟེར་ཡང་སླབ་མི་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་ནུག།

ཨིན་རུང་ མི་ལེ་ཤ་ཅིག་གིས་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ མཐར་འཁྱོལ་བྱུང་མི་དེ་ གོ་དོན་ཕྱི་འགྱུར་ལེན་ཏེ་ ནད་ཡམས་ཀྱི་ གནོད་ཉེན་མི་འབྱུང་ནི་ཨིནམ་ལས་ ཉེན་སྲུང་དང་ལྡནམ་སྦེ་ཡོད་པའི་ ཚོར་སྣང་བྱུང་ནུག་ཟེར་ཨིན་པས།

མི་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ མི་ལེ་ཤ་ཅིག་གིས་ར་ ནད་ཡམས་ལས་ སྔོན་འགོག་འབད་ནིའི་དོན་ལུ་བཟོ་མི་ གསོ་བའི་སྒྲིག་གཞི་ཚུ་ལུ་ མི་གནས་དོ་ཡོདཔ་མ་ཚད་ ལོ་ཆོག་དང་ གཤིན་གསོན་གྱི་ དགེ་རྩ་དང་ རིམ་གྲོ་ སྐྱེས་སྟོན་ལ་སོགས་པ་ཚུ་ནང་ གཡང་ཟག་བག་ཟོན་མེད་པར་ མི་འཛོམས་འདུ་རུག་རུ་འབད་ནི་ཡང་ འགོ་བཙུགས་ནུག་ཟེར་ཨིན་པས།

ལུང་ཕྱོགས་ནང་ལས་ དམིགས་བསལ་དུ་ རྒྱ་གར་དང་ བང་ལ་དེཤ་ལུ་ ནད་ཡམས་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ ད་རིས་ལས་ བང་ལ་དེཤ་ལུ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་འབད་དོ་ཡོདཔ་ལས་ ང་བཅས་ཀྱིས་ དྲན་ཤེས་བཏོན་ཏེ་ གསོ་བའི་སྒྲིག་གཞི་ཚུ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་འདུག་ཟེར་ རྒན་ཤོས་དེ་གིས་ བཤདཔ་ཨིན་པས།

ལས་འཛིན་གྱི་ ལཱ་འབད་མི་ཅིག་གིས་ཡང་ མི་སེར་ཚུ་ སྨན་ཁབ་བཙུགས་པའི་ཤུལ་ལས་ སེམས་བག་ལྷོད་ཐོག་སྡོད་ནི་ འགོ་བཙུགས་ནུག་ཟེར་ བཤད་པའི་ཁར་ གསོ་བའི་སྒྲིག་གཞི་ཚུ་ ལག་ལེན་འཐབ་ནི་ཕར་བཞག་ རང་དང་རོགས་ཀྱི་བར་ན་ ས་སྟོང་བཞག་ས་ཡང་ མི་མཐོངམ་མས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ ཚོང་ཁང་ཚུ་གི་གདོང་ཁར་ ལགཔ་འཁྱུ་སའི་ཧོད་དང་ མཐུན་རྐྱེན་ཚུ་ མཐོང་གསལ་མེད་པའི་ཁར་ མི་ཚུ་གིས་ ལགཔ་ཆུ་འཁྱུ་ནི་དང་ ལགཔ་གུ་དབུར་ནིའི་ སྨན་ཆུ་ལག་ལེན་འཐབ་ནི་དེ་ བརྗེད་སོཔ་བཟུམ་ཅིག་འདུག་ཟེར་ཨིན་པས།

ལས་འཛིན་གྱི་ལས་བྱེདཔ་གཞན་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཀོ་བིཌ་-༡༩འི་སྨན་ཁབ་བཙུགས་པའི་ཤུལ་ལས་ མི་ལེ་ཤ་ཅིག་གི་ སེམས་ཁ་ལུ་ ཁ་རས་ལག་ལེན་འཐབ་མ་དགོཔ་བཟུམ་སྦེ་ ཚོར་སྣང་བྱུང་པའི་ཁར་ མོ་ར་འབད་རུང་ སྨན་ཁབ་བཙུགས་ཞིནམ་ལས་ ཉེན་ཁ་མེདཔ་བཟུམ་སྦེ་ ཚོརཝ་མས་ཟེར་ཨིན་པས།

མོ་རའི་ཆ་རོགས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྨན་ཁབ་མ་བཙུགས་མི་ཚུ་འབད་བ་ཅིན་ ཁ་རས་སྤུར་དགོཔ་བཞིན་དུ་ སྨན་ཁབ་བཙུགས་མི་ཚུ་ལུ་ ཉེན་སྲུང་ཡོད་ཟེར་ཨིན་པས།

ད་རུང་ མི་ལ་ལོ་ཅིག་གིས་ ནད་ཡམས་ཀྱི་ སྨན་ཁབ་ཐུན་ཚད་༢ པ་བཙུགས་པའི་ཤུལ་ལུ་ གནས་སྟངས་དེ་ ཨ་རྟག་བཟུམ་སྦེ་ འགྱོ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

ད་ལྟོའི་སྨན་ཁབ་ཚུ་ ནད་ཡམས་ལས་ སྔོན་འགོག་འབད་ཚུགས་པའི་ ཕན་ནུས་བརྒྱ་ཆ་ཧྲིལ་བུ་མེད་པའི་ཁར་ སྨན་ཁབ་དྲག་ཤོས་བཙུགས་མི་ཚུ་ཡང་ ནད་གཞི་འཐོབ་ནིའི་ ཉེན་ཁ་བརྒྱ་ཆ་༥ ཡོདཔ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ཀྱིས་ དུས་རྒྱུན་དུ་ར་ སྔོན་འགོག་འབད་མི་ཚུགས་ཟེར་ གཅིག་གིས་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྐུ་ཚབ་ ཌོག་ཊར་རུའེ་པའུ་ལོ་ཌི་ཇི་སེསི་གིས་ སླབ་མིའི་ནང་ གནས་སྟངས་དུམ་གྲ་ཅིག་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱལ་ཁབ་ག་རའི་ནང་ སྨན་ཁབ་ཁྱབ་ཚུགསཔ་འབད་ནི་དེ་ ངེས་བརྟན་བཟོ་དགོཔ་ཨིན་རུང་ སྨན་ཁབ་བཙུགསཔ་རྐྱངམ་གཅིག་གིས་ ནད་འབུབ་ལས་ ཉེན་སྐྱོབ་ཧྲིལ་བུ་འབད་མི་ཚུགས་ཟེར་ཨིན་པས།

སྨན་ཁབ་དེ་གི་ ནུས་པ་དེ་ དུས་ཡུན་ག་དེམ་ཅིག་ཚུན་ གནས་ནི་ཨིན་ན་དང་ ནད་འབུབ་དེ་གི་ ཁྱད་རྣམ་ག་དེ་སྦེ་ བསྒྱུར་བཅོས་འགྱོ་འོང་ག་ ང་བཅས་ཀྱིས་ ད་ལྟོའི་བར་ན་ཡང་ ཤེས་མི་ཚུགས་པས་ཟེར་ སྐུ་ཚབ་ཀྱིས་ འདས་པའི་དྲི་བ་དྲིས་ལན་སྐབས་བཤད་ཅི།

དེ་འབདཝ་ལས་ མི་ཚུ་གིས་ ནད་ཡམས་སྔོན་འགོག་གི་ཐབས་ལམ་ དཔེར་ན་ ཁ་རས་ལག་ལེན་འཐབ་ནི་དང་ མི་མང་འཛོམས་སར་ འགྱོ་ནི་ལས་ འཛེམ་དགོ་པའི་ཁར་ དུས་རྒྱུན་དུ་ ལགཔ་ཆུ་འཁྱུ་དགོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།

གསོ་བ་ལྷན་ཁག་གི་ འཕྲུལ་རིག་བསླབ་སྟོན་སྡེ་ཚན་གྱིས་ འདས་པའི་དྲི་བ་དྲིས་ལན་ནང་ ཀོ་བིཌ་-༡༩ འི་སྨན་ཁབ་ཀྱིས་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་ནི་སྦེ་ཨིན་རུང་ ཁྱད་ཚད་ལྡན་པའི་ མི་འབོར་ཆ་མཉམ་ར་ སྨན་ཁབ་ཐུན་ཚད་༢ པ་མ་བཙུགས་ཚུན་ཚོད་ ཉེན་སྲུང་ཡོད་པའི་གྲངས་སུ་ མི་ཚུད་ཟེར་བཤད་ཅི།

འབྲུག་ལུ་ སྨན་ཁབ་ཐུན་ཚད་༢ པ་དེ་ ཐུན་ཚད་དང་པ་མཇུག་བསྡུ་བའི་ཤུལ་ལུ་ བདུན་ཕྲག་༨ ལས་༡༢ ཀྱི་ ནང་འཁོད་ལུ་ འགོ་འདྲེན་འཐབ་ནིའི་ ལས་འཆར་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨན་ཁབ་ཐུན་ཚད་༢ པ་དེ་ བཙུགས་ཞིནམ་ལས་ བདུན་ཕྲག་༢ འགྱོཝ་ད་རྐྱངམ་གཅིག་ ངོ་རྐྱང་དེ་ སྨན་ཁབ་ཚངམ་སྦེ་ར་ བཙུགས་ཡོད་པའི་གྲངས་སུ་ བརྩི་འཇོག་འབད་འོང་ཟེར་ཨིནམ་ད་ དེ་སྦེ་ཨིན་པ་ཅིན་ སྤྱི་ཟླ་༦ པའི་ཟླ་མཇུག་ ཡང་ཅིན་ སྤྱི་ཟླ་༧ པ་འགོ་བཙུགསཔ་ད་ལས་བརྒལ་མ་གཏོགས་ ཨ་རྟག་གི་ གནས་སྟངས་ནང་ མི་ལྷོད་ནི་ཨིན་པས།

གསོ་བ་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མི་ཚུ་ སེམས་བག་ཡོངས་ཤོར་ནི་དང་ བློ་བདེ་ཐོག་ལས་ སྡོད་ནི་དེ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་སྦེ་ར་ གནས་ཡོད་ཟེར་ཨིནམ་ད་ ང་བཅས་ལུ་ གདོང་ལེན་སྦོམ་ཤོས་ར་ ས་མཚམས་སྒོ་ཡངས་དྲགས་ཡོད་མི་ལས་ བྱུང་སྟེ་ཡོདཔ་མ་ཚད་ རྒྱ་གར་ལུ་ ནད་ཡམས་ཐོབ་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ང་བཅས་དྲནམ་མ་བཏོན་པ་ཅིན་ ད་ཚུན་གྱི་བར་ན་ ནད་ཡམས་སྔོན་འགོག་གི་ ཐབས་ལམ་དང་ བརྩོན་ཤུགས་བསྐྱེད་མི་ཚུ་ག་ར་ ཁུངས་མེད་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *