སྨན་ཁབ་བཙུགས་ནི་དེ་ ནད་བཀག་ཐབས་ལམ་དྲག་ཤོས།

༉ ནད་ཡམས་ཀོ་བིཌ་-༡༩ འི་ ནད་བཀག་སྨན་ཁབ་ཀྱི་ ཉེན་སྲུང་སྐོར་ལས་ མི་མང་གི་ས་ཁོངས་ཚུ་ནང་ མི་ཚུ་གིས་ རང་སོའི་ བསམ་བཀོད་འདྲ་མིན་སྣ་ཚོགས་དང་ རྩོད་འགྲན་ཚུ་འབད་བའི་སྐབས་ སྨན་ཁབ་དེ་ལུ་ ཕན་ནུས་ཡོད་པའི་ ཁན་འཆམ་བྱུངམ་མ་ཚད་ ཡོངས་ཁྱབ་སྨན་བཙུགས་ལས་རིམ་ ངེས་པར་དུ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ རྒྱབ་སྣོན་འབདཝ་ཨིན་མས།

དེ་དང་བསྟུན་ ཤོ་ཐེངས་དང་པའི་སྨན་ཁབ་ཚུ་ རྒྱལ་ཁབ་ནང་ ལྷོད་ཡོདཔ་མ་ཚད་ ཤོ་ཐེངས་༢ པའི་སྨན་ཁབ་༤༠༠,༠༠༠ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ རྒྱ་གར་ལྡི་ལི་ལས་ ངེས་བརྟན་ལྷོད་ནི་ཨིནམ་བཞིན་དུ་ བདུན་ཕྲག་རིང་འབད་མི་ ནད་བཀག་སྨན་བཙུགས་ལས་རིམ་དེ་ གཟའ་སྐར་འཕྲོད་སྦྱོར་དང་བསྟུན་ སྤྱི་ཟླ་༣ པའི་ཚེས་༢༧ གཟའ་ཉི་མ་གི་ དྲོ་པའི་ཆུ་ཚོད་༩ ལུ་ འགོ་བཙུགས་ནི་སྦེ་ གཏན་འཁེལ་བཟོ་ནུག།

ས་ཐག་རིང་སའི་ རྫོང་ཁག་དང་ རྒེད་འོག་ཚུ་གི་ཐད་ཁར་ སྨན་ཁབ་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ བསྐྱལ་གཏང་ནི་སྦེ་ གྲ་སྒྲིག་བཟོ་ཡོདཔ་ཨིན་མས།

ད་ལྟོ་ཚུན་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཀོ་བིཌ་-༡༩ འི་ ནད་བཀག་སྨན་ཁབ་བཙུགས་པའི་ཤུལ་ལུ་ སྨན་ཁབ་ལུ་བརྟེན་ ཤི་རྐྱེན་བྱུང་མི་ ཕུད་རྡོག་གཅིག་ཡང་མེད་རུང་ ཞོར་ཁ་གནོད་མི་ རེ་གཉིས་ཐོན་མི་ཚུ་ཡང་ སྨན་ཁབ་ཀྱིས་ གཟུགས་ཁར་ཕན་པའི་ རྟགས་མཚན་ཨིན་མས།

སྨན་ཁབ་བཙུགས་པའི་ཤུལ་ལས་ ད་རུང་ ཟླཝ་༣ དང་༤ གི་བར་ན་ སྨན་ཁབ་ཐེངས་༢ པ་བཙུགས་ཞིནམ་ལས་ རང་ལུ་ ནད་གཞི་འཐོབ་ནི་ལས་ བཀག་ཚུགས་པའི་ཁར་ གཞན་ལུ་ཡང་ ཁྱབ་སྤེལ་མི་འབད་ནིའི་ ཕན་ཁྱད་ཁག་༢ ཡོདཔ་ད་ སྨན་ཁབ་ཨེས་ཊ་ཛི་ནི་ཀ་གི་ཐད་ཁར་ ནད་ཐུབ་དཔྱ་ཚད་ བརྒྱ་ཆ་༧༥ ཡོདཔ་ཨིན་མས།

མ་གཞི་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སྨན་ཁབ་དང་འབྲེལ་བའི་སྐོར་ལས་ མ་བདེན་པའི་ལོ་རྒྱུས་ཚུ་ ལེ་ཤ་ཅིག་ར་ གསལ་བཀོད་འབད་རུང་ འབྲུག་གི་ཐད་ཁར་ སྨན་ཁབ་ཀྱི་ཕན་པ་དང་ གནོད་པ་ཚུ་གི་སྐོར་ལས་ ཞིབ་འཚོལ་དང་ བརྟག་ཞིབ་ཚུ་ མཐིལ་ཕྱིན་འབད་ཞིནམ་ལས་རྐྱངམ་གཅིག་ གཏན་འཁེལ་བཟོ་ནུག།

བདུན་ཕྲག་རིང་ རྒྱལ་ཡོངས་ནང་ སྨན་ཁབ་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁག་ལས་ རྫོང་ཁག་བརྒྱུད་དེ་ འགྲོ་འགྲུལ་འབད་མ་ཆོག་མི་དེ་ཡང་ གཙོ་བོ་ར་ འབྲུག་མི་ཆ་མཉམ་གྱིས་ དུས་སྟབས་གཅིག་ཁར་ སྨན་ཁབ་འཐོབ་ཚུགས་ནིའི་ དམིགས་གཏད་ལུ་ཨིན་མས།

སྨན་བཙུགས་སྐབས་ཀྱི་ འགྲོ་འགྲུལ་བཀག་དམ་ཐད་ཁར་ འདས་པའི་ འགྲོ་འགྲུལ་བཀག་དམ་བཟུམ་མེན་པར་ རྫོང་ཁག་ནང་འཁོད་ལུ་ འགྲུལ་སྐྱོད་འབད་ཆོག་ནི་ཨིན་མས།

སྨན་ཁབ་ཀྱི་དོན་ལུ་ ཚར་གཅིག་ ཐོ་བཀོད་འབད་ཚར་ཞིནམ་ལས་ རྫོང་ཁག་གཞན་ཁར་ལས་ཡང་ སྨན་ཁབ་འཐོབ་ཚུགས་ནི་ཨིན་རུང་ འཆར་གཞི་བཟོ་སྟེ་ འགྲོ་འགྲུལ་མ་འབད་བ་ཅིན་ སྨན་ཁབ་བཙུགས་ནི་ལས་ འབྱིད་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད།

ད་ལྟོ་བཟུམ་ཅིག་འབད་རུང་ སྨན་ཁབ་བཙུགས་ཚར་མི་ཚུ་གི་ ནང་འཁོད་ལུ་ ནད་འབུབ་སྤེལ་ནིའི་ ཉེན་ཁ་མེད་ཟེར་ གཏན་འཁེལ་མེད་པའི་ཁར་ སྨན་ཁབ་དེ་གིས་ ངེས་ཏིག་དྲག་ཚུགས་ཟེར་ཡང་ སླབ་མ་ཚུགས་རུང་ གནས་སྟངས་དང་བསྟུན་ སྨན་ཁབ་བཙུགས་ནི་དེ་ ག་ནི་བ་ ཁག་ཆེ་དྲགས་ཅིག་ཨིནམ་སྦེ་ བརྩི་འཇོག་འབད་དགོཔ་འདུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *