སྨན་ཁབ་ཐེངས་༢ པ་མ་ལྷོད་ཚུན་ ཉེན་སྲུང་གི་སྒྲིག་གཞི་ལུ་ ཚུལ་མཐུན་གནས་དགོཔ།

༉ ང་བཅས་ར་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་དང་པ་བཙུགས་ཏེ་ བདུན་ཕྲག་༡༤ ལང་ནི་ཨིནམ་ལས་ འབྲུག་མི་ཚུ་གིས་ སྨན་ཁབ་ལས་རིམ་ཐེངས་༢ པའི་སྐོར་ལས་ དྲི་དཔྱད་འབད་ནི་ འགོ་བཙུགསཔ་ཨིན་མས།

སྨན་ཁབ་ལས་རིམ་དང་པའི་ནང་ རྒྱལ་ཁབ་ནང་འཁོད་ལས་ འོས་འབབ་ཅན་གྱི་ མི་འབོར་བརྒྱ་ཆ་༨༨ ལྷགཔ་ཅིག་ལུ་ ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ཡོདཔ་ཨིན་རུང་ སྨན་ཁབ་ཐེངས་༢ པ་ བཙུགས་མ་ཚུགས་པ་ཅིན་ ནད་ཡམས་ལས་ ཉེན་སྲུང་མེདཔ་ཨིན་མས།

དེ་འབདཝ་ད་ སྨན་ཁབ་ཐེངས་༢ པ་དེ་ ནམ་འཐོབ་ནི་ཨིན་ན་ ད་ལྟོ་ ཏན་ཏན་ཅིག་སྦེ་ སླབ་མི་ཚུགས་ནི་ཨིན་མས།

ཨིན་རུང་ ཨེ་མི་རི་ཀ་གིས་ སྨན་ཁབ་ཀོ་བེགསི་མཐུན་རྐྱེན་ཐོག་ལས་ རྒྱབ་སྐྱོར་འབད་ནི་ཨིན་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ གཅིག་ འབྲུག་རྒྱལ་ཁབ་ ངོས་འཛིན་འབད་ཡོད་ནི་དེ་གིས་ ཕན་ཁྱད་འབྱུང་ནི་ཨིན་མས།

ཨེ་མི་རི་ཀ་གིས་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་དོན་ལུ་ སྨན་ཁབ་ས་ཡ་༡༦ དེ་ཅིག་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ གསོ་བ་ལྷན་ཁག་གིས་ ཡི་གུ་ཐོབ་མི་དང་འཁྲིལཝ་ད་ འབྲུག་གི་དོན་ལུ་ སྨན་ཁབ་ཨེསི་ཊ་ཛེ་ནི་ཀ་༡༠༨,༠༠༠ བགོ་བཀྲམ་འབད་མི་དེ་ སྤྱི་ཟླ་༨ པའི་ནང་ ལྷོད་ནི་བཟུམ་ཅིག་འདུག།

མཁས་མཆོག་ཚུ་གིས་ སྨན་ཁབ་ཐེངས་༢ པའི་དོན་ལུ་ ཡུན་རིང་བསྒུག་སྡོད་མ་དགོ་པའི་ བདེ་ཐབས་ལུ་དམིགས་ཏེ་ སྨན་ཁབ་སླ་བསྲེས་རྐྱབ་ནིའི་ ཞིབ་འཚོལ་འབད་བའི་བསྒང་འདུག།

ཕྱོགས་གཅིག་ལས་བལྟ་བ་ཅིན་ རྒྱལ་ཁབ་གཞན་ཁར་ སྨན་ཁབ་ལས་རིམ་ འགོ་བཙུགས་པའི་བསྒང་ཨིནམ་ལས་ ང་བཅས་ར་ འཚབ་དགོཔ་ཅིག་མིན་འདུག་ཟེར་ཨིན་མས།

དེ་མ་ཚད་ གཞུང་གིས་འབད་རུང་ ཨེ་མི་རི་ཀ་བཟུམ་མའི་ སྨན་ཁབ་ཀྱི་མཐུན་རྐྱེན་ཡོད་མི་ རྒྱལ་ཁབ་ཕྱུགཔོ་ཚུ་བརྩིས་ཏེ་ རྒྱལ་ཁབ་༡༨ ལས་ རྒྱབ་སྐྱོར་འཚོལ་དོ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ མནོཝ་མས།

རྒྱུ་མཚན་འདི་ལུ་བརྟེན་ སྤྱིར་བཏང་འབྲུག་མི་ཚུ་གིས་ ད་ལྟོ་ ག་ཅི་འབད་དགོཔ་སྨོ་ཟེར་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ འི་ ཉེན་སྲུང་ཐབས་ལམ་དང་ སྒྲིག་གཞི་ཚུ་ལུ་ དམ་དམ་སྦེ་ར་ གནས་དགོཔ་འདུག།

ཨིན་རུང་ འཕྲལ་འཕྲལ་སྦེ་ར་ སྒྲིག་གཞི་ཚུ་ལུ་ གནས་མ་ཚུགས་པའི་ གནས་སྟངས་བྱུང་མི་དེ་ཡང་ དཔྱེ་འབད་བ་ཅིན་ རྒྱལ་ས་ལུ་ ཆུ་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ཁ་རས་སྤུབས་ནི་དང་ ལགཔ་འཁྱུ་ནི་ཚུ་ལུ་ གདོང་ལེན་བྱུང་བའི་ ལོ་རྒྱུས་ཚུ་ བཤདཔ་ཨིན་མས།

ཁྲོམ་སྡེའི་ ཆུ་སྐྱེལ་སྣུམ་འཁོར་༢ པོ་དེ་ ཟུར་བཞག་ལྟེ་བ་དང་ གཙུག་སྡེ་ཚུ་ནང་ ཆུའི་ཞབས་ཏོག་མཁོ་སྤྲོད་འབད་དེ་ འདུ་འཛི་ཅན་སྦེ་ སྡོད་དོ་ཡོདཔ་ལས་ བདེ་སྲུངཔ་ཚུ་གིས་ ཆུ་དུང་མེདཔ་ཐལ་མི་ཚུ་ བཅོ་ནིའི་དོན་ལུ་ ཁྲོམ་སྡེའི་འགོ་དཔོན་༢༠ དེ་ཅིག་ལུ་ ཆ་རོགས་འབད་བའི་ མཐོང་གསལ་བྱུངམ་ཨིན་མས།

ཆུ་མེད་པའི་བསྒང་ལས་ ཐིམ་ཕུག་གི་ སློབ་གྲྭ་ཚུ་ནང་ གཙང་སྦྲ་འཕྲོད་བསྟེན་གྱི་ དཀའ་ངལ་བྱུང་པའི་ཁར་ གསོ་བའི་སྒྲིག་གཞི་ཚུ་ལུ་ གནས་མ་ཚུགས་པར་ ལཱ་ཁག་རྐྱབ་ཨིན་མས།

མཁས་མཆོག་ཚུ་གིས་ ཉེན་སྲུང་གི་ སྒྲིག་གཞི་ཚུ་ལུ་ དམ་དམ་སྦེ་གནས་ནི་དེ་ ནད་ཡམས་སྔོན་འགོག་གི་ ཐབས་ལམ་དྲག་ཤོས་ཅིག་ཨིནམ་སྦེ་ སླབ་མི་དང་བསྟུན་ ང་བཅས་ར་ སྨན་ཁབ་ཐེངས་༢ པ་ མ་བཙུགས་ཚུན་ ཆ་མཉམ་གྱིས་ ཁ་རས་སྤུབས་ནི་དང་ ལགཔ་འཁྱུ་ནི་ལུ་གཙོ་བོར་བཏོན་དགོཔ་ད་  སྤུངས་འཛོམས་འབད་ནི་ལས་ ག་དེ་དྲག་དྲག་ འཛེམ་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *