སྨན་ཁབ་གཉིས་པ་གིས་ ལྷོད་ཡངས་ཀྱི་གོ་སྐབས་ བཟོ་ཚུགས་ག?

༉ ཀོ་བིཌ་-༡༩ འི་ སྨན་ཁབ་ཐེངས་གཉིས་པ་བཙུགས་ནི་དོན་ལུ་ སྨན་ཁབ་ཚུ་ གྲ་སྒྲིག་འགྱོ་དོ་ཡོད་རུང་ ས་མཚམས་ བདའ་ཡོད་མི་ཁྲོམ་ཚོགས་ ཕུན་ཚོགས་གླིང་དང་བསམ་རྩེ་ལས་ ཀོ་བིཌ་-༡༩ ཐོབ་མི་ཚུ་ མ་ཆད་པར་ཐོན་ཏེ་ བདུན་ཕྲག་དག་པ་ཅིག་ ལང་དོ་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ ནད་འབུབ་ཐོབ་མི་དེ་ ཐོན་བཞིན་དུ་སྡོད་ནི་ཨིན་མས།

དེ་འབདཝ་ལས་ རྫོང་ཁག་དེ་གཉིས་ནང་སྡོད་མི་དང་ ས་མཚམས་བདའ་ ཚོས་གཞི་དམརཔོ་ནང་ཚུད་མི་ ཁྲོམ་སྡེ་ཚུ་ནང་ འགྲོ་འགྲུལ་བཀག་དམ་ འཕྲལ་འཕྲལ་འབད་ནི་དེ་གིས་ མི་ཚུ་ལུ་ བྱ་སྟབས་མ་བདེཝ་ ག་དེམ་ཅིག་ བྱུང་དོ་ཡོདཔ་ཨིན་ན་ ཧ་གོ་ཚུགས་པའི་ཁར་ གནམ་བྱཱར་ཚད་པའི་དུས་ཚོད་ལུ་ ཁྱིམ་ནང་ ཡུན་རིངམོ་སྦེ་སྡོད་ནི་དེ་ མནོ་བསམ་གཏང་མ་ཚུགསཔ་ཅིག་ཨིན།

ཨིན་རུང་ འགྲོ་འགྲུལ་བཀག་དམ་དེ་ ནད་ཡམས་དེ་གི་གདོང་ལེན་ལུ་ ཐབས་ཤེས་དྲག་ཤོས་ཅིག་སྦེ་ ངོས་འཛིན་དང་ སྒྲུབ་བྱེད་ཐོན་ཡོདཔ་ལས་ གཞུང་གིས་ཡང་ དེ་ལུ་ར་ ཤུགས་བཏོན་དོ་ཡོདཔ་བཞིན་ མི་མང་གིས་ཡང་ རྒྱབ་སྐྱོར་འབད་བཞིན་ར་ ཡོདཔ་ཨིན།

སྨན་ཁབ་ཐེངས་གཉིས་པ་དེ་ འཕྲལ་མགྱོགས་ར་ བཙུགས་ནི་ཨིནམ་ལས་ སྨན་ཁབ་དེ་གིས་ ནད་ཡམས་ཀྱི་གནས་སྟངས་དེ་ལུ་ བསྒྱུར་བཅོས་འབད་ཚུགས་པའི་ རེ་བ་སྦོམ་བསྐྱེད་མི་དེ་ཡང་ ངོ་མ་ཅིག་ འགྲོ་འགྲུལ་བཀག་དམ་ལྷོད་ཡངས་དང་ ཟུར་བཞག་གི་དུས་ཡུན་ལུ་ བསྒྱུར་བཅོས་འབད་ནིའི་ རེ་བ་བསྐྱེདཔ་ཨིན་པས།

སྨན་ཁབ་ཐེངས་གཉིས་པ་བཙུགས་རུང་ ས་མཚམས་མ་ཚད་ རྫོང་ཁག་ག་རའི་ནང་ དུས་རྒྱུན་གྱི་ གནས་སྟངས་དེ་ ནད་ཡམས་མེད་པའི་སྐབས་ཀྱི་ དུས་ཚོད་བཟུམ་ནང་ལྷོད་ནི་ལུ་ དུས་ཚོད་འགོར་ནི་ཨིནམ་སྦེ་ ཧ་གོ་དགོ།

ལྷོད་ཡངས་ཀྱི་ གནས་སྟངས་ནང་ཡོད་མི་ ཁྲོམ་ཚུ་ནང་ འགྲོ་འགྲུལ་བཀག་དམ་མེད་པའི་ དུས་ཚོད་ནང་འབད་རུང་ དཔལ་འབྱོར་གྱི་འབྱེམ་དེ་ ས་མཚམས་བདའ་ཡོད་མི་ ཁྲོམ་སྡེ་ཚུ་ནང་བཟུམ་སྦེ་ར་ ཕོག་སྟེ་ཡོདཔ་ལས་ ཟད་འགྲོ་ལྕི་དྲགས་གནསཔ་ཨིན་མས།

སྤྱིར་བཏང་སློབ་ཕྲུག་ཚུ་ཡང་ དུས་རྒྱུན་གྱི་སློབ་གྲྭ་ནང་ འགྱོ་ནི་མེདཔ་ད་ ཚོང་ཁང་ཚུ་ཡང་སྒོ་བསྡམས་ཏེ་ རྒུད་ཕོག་པའི་ཁར་ སོ་ནམ་པ་ཚུ་ཡང་ ཚོད་བསྲེའི་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པར་འདུག།

འདས་པའི་ལོ་ལྷགཔ་ཅིག་གི་རིང་ ནད་ཡམས་ཀྱིས་ གནས་སྟངས་སྐྱོ་དྲགས་བཟོ་བའི་ཁར་ འགྲོ་འགྲུལ་བཀག་དམ་གྱི་ འབྱེམ་བཟུམ་སྦེ་ ང་བཅས་མི་ཚུ་ཡང་ ཧེ་མ་ཡང་འབད་མ་མྱོང་བའི་ ལཱ་གི་རིགས་ཚུ་ འབད་དགོཔ་ཐོན་པའི་ཁར་ ལ་ལོ་ཅིག་ ཐབས་མེད་པར་ གཡུས་ཁར་ལོག་འགྱོ་དགོ་པའི་ གནས་སྟངས་བྱུང་ནུག།

རྒྱལ་ཁབ་ཀྱི་གནས་སྟངས་དེ་ སྐྱོ་དྲགས་འགྱོ་ནི་ལུ་ ཐེ་ཚོམ་མེད་རུང་ འབྲུག་རྒྱལ་པོའི་རྒུད་གསོའི་ སྐྱིད་སྡུག་གི་ལས་རིམ་ གཞི་བཙུགས་འབད་མི་དེ་གིས་ མི་སྟོང་ཕྲག་ལས་བཅད་པའི་ཁར་ ཁོང་རའི་ ནང་མི་བཟའ་ཚང་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ལས་ མི་ཕུད་རྡོག་གཅིག་ཡང་ དབུལ་ཕོངས་ཀྱི་ དཀའ་ངལ་མ་བྱུང།

སྨན་ཁབ་ཐེངས་གཉིས་པ་དེ་གིས་ ཀོ་བིཌ་-༡༩ འཐོབ་ནི་ལས་ ཉེང་སྲུང་འབད་ཚུགས་ནི་ཨིན་རུང་ གཙོ་མི་གཙོ་ ང་བཅས་མི་ཚུ་གིས་ དུས་རྒྱུན་གྱི་སྤྱོད་ལམ་དེ་ར་ བསྒྱུར་བཅོས་འབད་དེ་ ནད་ཡམས་དང་མཐུན་པའི་ཐོག་ལུ་ སྡོད་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *