སྨན་ཁབ་ཀྱི་གནོད་ཉེན་ ག་ནི་ཡང་མེདཔ་ལས་ འདྲོག་བྱེལ་འཐབ་དགོཔ་མིན་འདུག་ཟེར་ འགོ་དང་པ་ སྨན་ཁབ་བཙུགས་མི་ཚུ་གིས་ སླབ་ཡོདཔ།

༉ རྒྱལ་ཡོངས་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ནི་ འགོ་བཙུགསཔ་དང་འབྲེལ་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་༢ ནང་ཡང་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་སྤྲེལ་ལོ་མ་༢ ལུ་ སྨན་ཁབ་འགོ་དང་པ་ བཙུགས་ཡི།

བཀྲིས་སྒང་ལུ་འབད་བ་ཅིན་ སྦིས་མཁར་ལས་ཨིན་མི་ ཀརྨ་དབྱངས་ཅན་ གདམ་ཁ་རྐྱབ་ཡོདཔ་ད་ དེ་ཚེ་མོ་ར་ དགའ་བ་བྱུང་མི་དང་བསྟུན་ ཚ་གྱང་ལང་ཡི་ཟེར་ ཨ་ལོ་༡ གི་ཨའི་ ཀརྨ་དབྱངས་ཅན་གྱིས་ བཤདཔ་ཨིན་པས།

མོ་ར་ བཟའ་ཚང་ནང་ལས་ ཆུང་ཤོས་ཅིག་ཨིནམ་ད་ མོ་གིས་ སློབ་རིམ་༡༠ པ་ཚུན་ དཔེ་ཆ་ལྷབ་ཡོདཔ་ཨིན་པས།

ཀརྨ་དབྱངས་ཅན་གྱིས་ སླབ་མིའི་ནང་ མོ་རའི་ལོ་ཚད་ཀྱིས་ སྨན་ཁབ་བཙུགས་བཏུབ་ཨིནམ་ཤེས་རུང་ མོ་གདམ་ཁ་རྐྱབ་པའི་ མནོ་བསམ་མ་གཏང་ཟེར་ཨིནམ་ད་ མོ་གི་ཁྱིམ་ཚང་དེ་ བཀྲིས་སྒང་སྨན་ཁང་ནང་ ལཱ་འབད་དོ་ཡོདཔ་ལས་ མོ་གིས་ འགོ་དཔོན་ཚུ་ལུ་ སླབ་ཡོདཔ་འོང་ནི་མས་ཟེར་ཨིན་པས།

ཀརྨ་དབྱངས་ཅན་གྱི་ རྨགཔ་དེ་ སྨན་ཁང་ནང་ ལཱ་འབད་མི་ཅིག་ཨིནམ་ལས་ གདོང་གཟང་སྟེ་ལཱ་འབདཝ་ད་ ནད་གཞི་འཐོབ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།

སྨན་ཁབ་འགོ་དང་པ་ བཙུགས་ནི་ཐོབ་ད་ སེམས་དགའ་ཡི་ཟེར་ ཀརྨ་དབྱངས་ཅན་གྱིས་ བཤད་པའི་ཁར་ ད་ལས་ཕར་ གཞན་ལུ་ ནད་གཞི་སྤེལ་ནི་དང་ རང་ལུ་འཐོབ་ནིའི་ ཉེན་ཁ་ཆུངམ་ལས་ བློ་བདེ་བས་ཟེར་ཨིནམ་ད་ སྨན་ཁབ་ཀྱི་གནོད་ཉེན་ ག་ནི་ཡང་མེདཔ་ལས་ འདྲོག་བྱེལ་འཐབ་དགོཔ་མིན་འདུག་ཟེར་ཨིན་པས།

ཀརྨ་དབྱངས་ཅན་གྱིས་ གཟའ་ཉི་མའི་ཆུ་ཚོད་༩:༤༥ དེ་ཅིག་ལས་ སྨན་ཁབ་བཙུགས་ཡོདཔ་ད་ དུས་ཡུན་སྐར་མ་༣༠ ལྟ་ལྟོག་འབད་ཚར་ཞིནམ་ལས་ ཁྱིམ་ནང་སོང་ཡོདཔ་ད་ ཨ་རྟག་གི་ལཱ་ ཐགས་འཐག་ནི་དང་ གཞན་ལཱ་ཚུ་འབད་སྡོད་ཡི་ཟེར་ མོ་གིས་ བཤདཔ་ཨིན་པས།

སྨན་ཁབ་མ་བཙུགས་པའི་ཧེ་མར་ འགོ་དང་པ་ སྨན་ཁབ་བཙུགས་མི་དེ་གིས་ རྒྱལ་ཁབ་ཀྱི་གནས་སྟངས་ ཨ་རྟག་ཧར་ལུགས་སྦེ་ འགྱོ་བཅུག་ཟེར་བའི་ཁར་ སྨན་ཁབ་དེ་གིས་ ག་ར་ལུ་ ཕན་ཐོགས་བཅུག་ཟེར་ སྨོན་ལམ་བཏབ་ཅི་ཟེར་ ཨིན་པས།

མོ་གིས་ ཤུལ་མའི་སྨན་ཁབ་དེ་ཡང་ ས་གནས་དེ་ནང་ར་ བཙུགས་ནིའི་མནོ་བསམ་ཡོདཔ་ད་ སྨན་ཁབ་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་བྱུང་ཡོད་པའི་ ལོ་རྒྱུས་མེདཔ་ཨིན་པས།

དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ལུ་འབད་རུང་ རྩིས་གཞུང་དང་འཁྲིལ་ཏེ་ སྤྲེལ་མོ་མ་ ཚེ་རིང་དཔལ་སྒྲོན་གྱིས་ སྨན་ཁབ་བཙུགས་ནི་ འགོ་བཙུགས་ཡོདཔ་ད་ མོ་རང་ འབུམ་སྡེ་གླིང་ སྦས་རྩ་མང་ལས་ཨིནམ་བཞིན་དུ་ སོ་ནམ་པ་ཅིག་ཨིན་པས།

ཚེ་རིང་དཔལ་སྒྲོན་གྱིས་ སླབ་མིའི་ནང་ སྨན་ཁབ་འགོ་དང་པ་ མོ་གིས་བཙུགས་པ་ཅིན་ཟེར་ མོ་ལུ་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིནམ་ད་ རྫོང་ཁག་ནང་ སྤྲེལ་མོ་མ་ལེ་ཤ་ཡོད་རུང་ མོ་ལུ་ གོ་སྐབས་གནང་མི་དེ་ལུ་ སྐལ་བ་བཟང་ཡི་ཟེར་ཨིན་པས།

མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ སྨན་ཁབ་ཀྱི་གནོད་ཉེན་སྐོར་ལས་ དར་ཁྱབ་སོང་ཡོདཔ་ལས་ འགོ་དང་པ་ འདྲོག་བྱེལ་འཐབ་ཅི་ཟེར་ཨིནམ་ད་ ད་རེས་ སྨན་ཁབ་ཀྱི་གནོད་ཉེན་མེདཔ་ལས་ སྨན་ཁབ་འགོ་དང་པ་ བཙུགས་མི་སྦེ་ གོ་སྐབས་ཐོབ་མི་ལུ་ དགའ་བ་བྱུང་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མོ་རང་ སྨན་ཁབ་ས་ཁོངས་ནང་ མ་འགྱོ་བའི་ཧེ་མར་ མཆོད་བཤམ་ནང་སོང་སྟེ་ སྨན་ཁབ་དེ་གིས་ འབྲུག་མི་ག་ར་ལུ་ ཕན་ཐོགས་བཅུག་ཟེར་བའི་ སྨོན་ལམ་བཏབ་ཅི་ཟེར་ཨིན་པས།

ཨ་ལོ་༢ ཀྱི་ཨའི་ ཚེ་རིང་དཔལ་སྒྲོན་ལུ་ སྤུན་ཆ་༧ ཡོདཔ་ད་ མོ་རའི་ སྤུན་ཆ་ཚུ་གིས་འབད་རུང་ སྨན་ཁབ་འགོ་དང་པ་ བཙུགས་ནིའི་གོ་སྐབས་ཐོབ་མི་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ མོ་གིས་བཤདཔ་ཨིན་པས།

སྨན་ཁབ་བཙུགསཔ་ད་ དུམ་གྲ་ཅིག་ཚ་རུང་ བཙུགས་ཞིནམ་ལས་ ག་ནི་ཡང་མ་འབད་ཟེར་ མོ་གིས་བཤད་པའི་ཁར་ འགོ་དང་པ་སྨན་ཁབ་བཙུགས་ནི་ཐོབ་མི་དེ་ སེམས་ཁ་ལས་ ནམ་ཡང་མི་བརྗེད་ཟེར་ཨིན་པས།

སྨན་ཁབ་བཙུགས་མི་དེ་གིས་ རང་རྐྱངམ་གཅིག་མ་ཚད་ གཞན་ལུ་ཡང་ ནད་གཞི་མི་འབུ་ནི་ཨིནམ་ལས་ བཙུགས་པར་འགྱོ་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ མོ་རའི་ གཡུས་མི་ཆ་རོགས་ཚུ་ལུ་ཡང་ ལེགས་ཤོམ་སྦེ་ར་ བཤད་བྱིན་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ སྨན་ཁབ་བཙུགས་ཚར་བའི་ཤུལ་ལས་ གནོད་ཉེན་ཚུ་ ག་དེ་སྦེ་འདུག་ག་ཟེར་བའི་ ལོ་རྒྱུས་དྲི་མི་ཐོན་ཡི་ཟེར་ཨིནམ་ད་ མོ་གིས་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གཞུང་གིས་ རིན་མེད་སྟོང་པར་སྦེ་ སྨན་ཁབ་གནངམ་ད་ སྨན་ཁབ་བཙུགས་ནི་ལུ་ འདྲོག་མ་སྡོད་པར་ བཙུགས་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤྲོད་ནི་ཨིན་ཟེར་ འགོ་དང་པ་ སྨན་ཁབ་བཙུགས་མི་ ཨམ་སྲུ་སྤྲེལ་ལོ་མ་༢ ཀྱིས་ སླབ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *