སྨན་ཁང་བླམ་ བསྐོ་བཞག་འབད་མི་ལུ་བརྟེན་ ནདཔ་ཚུ་ལུ་ ཕན་ཐོགས་ཚུགས་པའི་རེ་བ།

༉ མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་དོན་ལུ་ བླམ་གསར་བསྐོས་འབད་མི་ལུ་བརྟེན་ ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ འོང་མི་ཚུ་གིས་ གསོན་གཤིན་༢ ཀྱི་ ཆོས་འབྲེལ་ཞབས་ཏོག་ཚུ་ འཐོབ་ཚུགས་ནི་ཨིན་པས།

བླམ་དེ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ངེས་པར་དུ་ དགོས་མཁོ་ཡོད་མི་དང་འཁྲིལ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ནང་ གྲོས་ཆོད་བྱུང་མི་དེ་ གྲྭ་ཚང་ལྷན་ཚོགས་ལུ་ ཕུལ་བའི་ཤུལ་ལས་ གྲྭ་ཚང་ལྷན་ཚོགས་ཀྱིས་ གནང་ཡོདཔ་ཨིན་པས།

བླམ་གི་འགན་ཁུང་དེ་ཡང་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟན་སྨན་ཁང་གི་ བླམ་བཟུམ་སྦེ་ གཙོ་བོ་ གསོན་གཤིན་༢ ཀྱི་ རིམ་གྲོ་དང་ དགེ་རྩ་བསྒྲུབ་ནི་དེ་ཨིན་པས།

བླམ་སྐལ་བཟང་ཚེ་རིང་གིས་ བཤད་མིའི་ནང་ སྨན་ཁང་དེ་ སྐྱེ་རྒ་ན་འཆིའི་སྐྱིད་སྡུག་མྱོང་ས་ཅིག་ཨིནམ་བཞིན་དུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ སློབ་དཔོན་ལྷན་རྒྱས་རྣམས་ཀྱིས་ མི་སེར་ཉམ་ཆུང་ཚུ་གི་ སྐྱིད་སྡུག་ལུ་དགོངས་ཏེ་ བླམ་བསྐོ་བཞག་གནང་མི་དེ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ནིའི་རེ་བ་ཡོད་ཟེར་ཨིན་པས།

བླམ་གིས་ བཤད་མིའི་ནང་ ཆོས་ཕྱོགས་ཀྱི་ཞབས་ཏོག་ཚུ་གི་གྲས་ལས་ རང་སོའི་དང་འདོད་དང་འཁྲིལ་ ནདཔ་ཚུ་ལུ་ བཀའ་བསྒོ་དང་ བྱབས་ཁྲུས་ འཕོ་བའི་རིམ་པ་དང་ ཕུངམ་ཕྱི་ཁར་མ་བཏོན་ཚུན་ མར་མེའི་ལྷ་ཁང་ནང་ བསྔོ་བ་སྨོན་ལམ་ཚུ་ གནང་དོ་ཡོདཔ་ལས་ ཕྱི་རུ་དང་ ཉིན་མ་ནམ་འབད་རུང་ དུས་དང་དུས་སུ་ ཆོས་འབྲེལ་གྱི་ཞབས་ཏོག་ག་ཅི་དགོཔ་ཅིག་ ཕུལ་ཆོག་ཆོ་ཡོད་ཟེར་ཨིན་པས།

བླམ་གིས་འབད་བ་ཅིན་ གཟའ་པ་སངས་ཨ་རྟག་ར་ དྲོ་པ་ལྷ་བསངས་གཏང་ཞིནམ་ལས་ ནད་ཁང་ནང་ཡོད་མི་ནདཔ་ཚུ་ལུ་ ཁྲུས་གསོལ་དང་ ཚེས་༨ དང་ དུས་བཟང་གཞན་ཚུ་ལུ་ སངས་རྒྱས་སྨན་བླའི་ཆོ་ག་གནང་ནི་ཨིནམ་མ་ཚད་ དྲོ་པ་ཨ་རྟག་ར་ བསངས་མཆོད་བསྡུས་པ་ ཕྱི་རུ་ཨ་རྟག་ར་ ཆོས་སྐྱོང་སྲུང་མའི་གསོལ་མཆོད་དང་ ནདཔ་ཚུ་གི་དོན་ལུ་ བཟློག་ཚེ་སྒྲུབ་གནང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཕྱི་རུ་ཨ་རྟག་ར་ ཚེ་འདས་ཚུ་གི་དོན་ལུ་ བསྔོ་བ་སྨོན་ལམ་དང་ བསུར་མ་ཆད་པར་གཏང་ནི་ཡོད་ཟེར་ཨིན་པས།

སྨན་ཁང་ནང་ མ་འོངས་པ་ལུ་ སྐྱེས་རྩིས་དང་ གཤིན་རྩིས་ དེ་ལས་ མོ་བཏབ་རྩིས་བཏབ་འབད་མི་ རྩིསཔ་ཅིག་ཡང་ དགོཔ་འདུག་ཟེར་ཨིན་པས།

བླམ་དེ་ རང་ཟླ་༡༢ པའི་ཚེས་༡༠ ལུ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

ད་ལྟོ་ སྨན་ཁང་ནང་ ལྷ་ཁང་དང་ བླ་མའི་གཟིམ་ཅུང་མེད་མི་ལུ་བརྟེན་ རབ་སྡེ་གྲྭ་ཚང་ནང་ལས་ ཞབས་ཏོག་གི་དོན་ལུ་ དྲོ་པའི་ཆུ་ཚོད་༡ དང་༢ ཀྱི་བར་ན་ ལོང་འོང་དགོཔ་ད་ སྟབས་མ་བདེཝ་ཐོནམ་མས་ཟེར་ བླམ་སྐལ་བཟང་ཚེ་རིང་གིས་ བཤདཔ་ཨིན་པས།

ཨིན་རུང་ སྨན་ཁང་གི་བདག་སྐྱོང་གིས་ མཐུན་རྐྱེན་ཚུ་གི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་འདུག།

བླམ་སྐལ་བཟང་ཚེ་རིང་གིས་ སྐྱེས་ལོ་༦ ལངམ་ད་ མོང་སྒར་རབ་སྡེ་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ སྐྱིད་བདེ་མཁར་བཤད་གྲྭ་དང་ རྟ་མགོ་མཐོ་རིམ་བཤད་གྲྭ་ནང་ལས་ མཐར་འཁྱོལ་ཞིནམ་ལས་ ལྕགས་རི་ལུ་ སྐུ་མཚམས་གནང་ནུག།

ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བླམ་སྦེ་བསྐོ་བཞག་མ་འབད་བའི་ཧེ་མར་ ལོ་༣ གྱི་རིང་ སྐྱིད་བདེ་མཁར་བཤད་གྲྭའི་ ལེགས་བཤད་པ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ པདྨ་དགའ་ཚལ་ངང་ལམ་དྲུང་ཁག་གི་ དབུ་མཛད་སྦེ་ ལོ་༡ ཕྱག་ཞུ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར། 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *