སྨན་ཁང་ནང་ ནདཔ་༤ བསྐྱལ་མི་ཚུ་ ཤིང་འབྲས་ཨ་པའི་མགུ་ཏོ་ཟ་མི་ལུ་བརྟེན་མེན་པའི་ངོས་འཛིན།

༉ འདས་པའི་བདུན་ཕྲག་ནང་ དབང་འདུས་ཕོ་བྲང་ལུ་ ཤིང་འབྲས་ཨ་པའི་མགུ་ཏོ་ཟ་བའི་ཤུལ་ལུ་ སྨན་ཁང་ནང་ བསྐྱལ་ཡོདཔ་སྦེ་ སླབ་མི་དེ་ མི་བདེན་པས་ཟེར་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བ་གིས་ བཤདཔ་ཨིན་པས།

དེ་ཡང་ ལྟེ་བའི་འགོ་དཔོན་ བི་ནེ་ཐ་པ་གིས་ སླབ་མིའི་ནང་ བ་འཇོ་སྨན་ཁང་ལས་ ནདཔ་ཚུ་ཁ་ལས་སྐྱུགས་མིའི་ དཔེ་ཚད་དེ་ ལྟེ་བ་གིས་ བརྟག་དཔྱད་འབད་ལྟཝ་ད་ སྨན་ཁང་ནང་ བསྐྱལ་མི་ཚུ་ ཤིང་འབྲས་ཨ་པའི་མགུ་ཏོ་ཟ་མི་ལུ་བརྟེན་ ནད་གཞི་ཐོབ་ཐོབ་མེན་པས་ཟེར་ཨིན་པས།

དེ་ཚེ་ ན་མི་མི་ བཟའ་ཚང་དེ་གིས་ བླམ་བན་དའི་ ཨེ་རྫས་ཅིག་ཡང་ ཟ་ཡོདཔ་ལས་ དེ་ནང་ལས་ཡང་ ནད་གཞི་ཐོབ་སྲིད་ཟེར་ བི་ནེ་ཐ་པ་གིས་ བཤདཔ་ཨིན་པས།

ཁ་ལས་སྐྱུགས་མིའི་ དཔེ་ཚད་དེ་ བརྟག་དཔྱད་འབདཝ་ད་ དེ་ནང་ཕྲ་འབུབ་ཨོ་ཨི་ཨེསི་ཟེར་མི་ཡོདཔ་ བདའ་ཟུན་ཡོདཔ་ད་ བི་ནེ་ཐ་པ་གིས་འབད་བ་ཅིན་ ཕྲ་འབུབ་འདི་ བཞེས་སྒོ་གཙང་སྦྲ་དང་ལྡནམ་མེད་པའི་སྐབས་ ཐོནམ་བཞིན་དུ་ ཕྲ་འབུབ་ཡོད་མི་ བཞེས་སྒོ་དེ་ ཟ་བ་ཅིན་ དེ་གིས་ ཕོཝ་ན་ དྲོད་འབར་རྐྱབ་ མགུ་ཏོ་ན་ནི་ལཱ་སོགས་པའི་ ནད་གཞི་ཚུ་ ཐོབ་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ དེ་ཚེ་ ན་མི་ཚུ་ གཙོ་བོ་ར་ བཞེས་སྒོ་ནང་ དུག་ཚུད་མི་ལུ་བརྟེན་ བྱུང་བྱུངམ་འོང་ནི་མས་ཟེར་ ཁོ་གིས་ བི་ནེ་ཐ་པ་གིས་ བཤདཔ་ཨིན་པས།

ཨིན་རུང་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བ་གིས་ བླམ་བན་དའི་ དཔེ་ཚད་ལུ་ བརྟག་དཔྱད་མ་འབད་བས།

དབང་འདུས་བ་འཇོ་ལུ་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ བཟའ་ཚང་ནང་མི་༥ ལས་ ཨའི་དེ་ དེ་ཚེ་ ཕུན་ཚོགས་གླིང་ལུ་ སོང་པའི་ཤུལ་ལུ་ ཁྱིམ་ནང་སྡོད་མི་ ཨ་པ་དང་བུམོ་ བུམོ་གི་རྨགཔ་ དེ་ལས་ ཨ་ལོ་རྨེས་སྐྱེས་བརྩིསཝ་ད་ མི་༤ ཁ་ལས་སྐྱུགས་ ཆབ་གསང་བཤལ་ཏེ་ དྲན་མེད་བརྒྱལ་བའི་ཤུལ་ལུ་ ཁྱིམ་ཚང་ཚུ་གིས་ བ་འཇོ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

གནད་དོན་དེ་གི་སྐོར་ ཨའི་གིས་ ཕུན་ཚོགས་གླིང་ལུ་ལྷོདཔ་ད་ བཟའ་ཚང་ནང་མི་ཚུ་ལུ་ འགྲུལ་འཕྲིན་བཏང་པའི་སྐབས་ ག་གིས་ཡང་ འཐུ་ནི་མེད་པར་ ཁྱིམ་ཚང་ཅིག་ལུ་ འབྲེལ་བ་འཐབ་ད་ བཟའ་ཚང་འཐུས་མི་ག་ར་ དྲན་མེད་ཐོག་ སྡོད་སར་མཐོངམ་ལས་ ཁོང་གིས་སྦེ་ སྨན་ཁང་ནང་བསྐྱལ་ནུག།

ཁོང་༤ བ་འཇོ་སྨན་ཁང་ནང་ སྨན་བཅོས་འབད་བའི་ཤུལ་ལུ་ ཁ་ལས་སྐྱུགས་མིའི་ དཔེ་ཚད་ཚུ་ གསར་སྦིས་ཐང་ལུ་ཡོད་མི་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བའི་ནང་ བརྟག་དཔྱད་འབད་བར་བཏང་ནུག།

ནདཔ་༣  སྨན་ཁང་ནང་ འབག་འོངམ་ད་ གནས་སྟངས་སྐྱོ་དྲགས་ཡོད་རུང་ དུས་མཐུན་གྱི་ སྨན་བཅོས་འབད་བའི་ཤུལ་ལུ་ དྲག་སོ་ཡི་ཟེར་ བ་འཇོ་སྨན་ཁང་གི་ ཌོག་ཊར་ཆོས་ཉིད་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *