ལོག་ནཐ་ཨ་དྷི་ཀ་རི་གིས་ སྦྲང་རྩི་ལེགས་ཤོམ་སྦེ་ ཆགས་མ་བཏུབ་པའི་ཚང་ སྟོན་པའི་བསྒང་།

སྦྲང་རྩིའི་ཚོང་འབྲེལ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་དོ་ཡོད་རུང་ སེར་སྦྱངམ་གི་ཚང་མ་ལང་པའི་ དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་ནང་ སེར་སྦྱངམ་གསོ་སྐྱོང་འབད་ནི་དེ་ ཧེ་མ་ལས་ ལམ་ལུགས་བཟུམ་ཅིག་ གནས་ཡོདཔ་བཞིན་དུ་ ད་རེས་ རྒེད་འོག་གི་ སེར་སྦྱངམ་གསོ་སྐྱོང་སྡེ་ཚན་གྱིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༢༠༡༨ ལུ་ རང་བཞིན་ཐོན་སྐྱེད་སླར་འབྱུང་གིས་ རྒེད་འོག་གི་སོ་ནམ་པ་ཚུ་ལུ་ སེར་སྦྱངམ་གསོ་སྐྱོང་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ཡོདཔ་མ་ཚད་ སེར་སྦྱངམ་གི་ཚང་ལ་སོགས་པ་ཚུ་ རྒྱབ་སྐྱོར་བྱིན་པའི་ཤུལ་ལས་ རྒེད་འོག་ནང་ སེར་སྦྱངམ་གསོ་སྐྱོང་འབད་མི་ ཡར་འཕར་སོང་ཡོདཔ་ཨིན་པས།
བྱང་ས་ལས་ སྐྱེས་ལོ་༣༦ ལང་མི་ ལོག་ནཐ་ཨ་དྷི་ཀ་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ མི་ཚུ་གིས་ སེར་སྦྱངམ་གསོ་སྐྱོང་འཐབ་ནི་དེ་ དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ ལམ་ལུགས་བཟུམ་ཅིག་སྦེ་ སྡོད་ཡོདཔ་བཞིན་དུ་ ད་རེས་ནངས་པ་ཡང་ མི་མང་ཤོས་ཀྱིས་ར་ གསོ་སྐྱོང་འབད་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ མི་ཚུ་གིས་ སེར་སྦྱངམ་གསོ་སྐྱོང་འབད་བའི་སྐབས་ ད་རེས་ནངས་པ་བཟུམ་སྦེ་ སྦྱོང་བརྡར་ལ་སོགས་པ་ཚུ་ ག་ནི་ཡང་མེདཔ་ལས་ དེ་སྦེ་ར་ གསོ་སྐྱོང་འབད་དོ་ཡོདཔ་མ་ཚད་ སྦྲང་རྩི་བསྡུ་བསྒྱོམ་འབད་བའི་སྐབས་ལུ་ཡང་ གཙང་སྦྲ་བཏོན་ཐངས་ཡང་ མ་ཤེས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ནང་ རིང་བཞིན་ཐོན་སྐྱེད་སླར་འབྱུང་གིས་ སེར་སྦྱངམ་གསོ་སྐྱོང་དང་ སྦྲང་རྩི་བསྡུ་བསྒྱོམ་འབད་ཐངས་ལ་སོགས་པའི་ སྦྱོང་བརྡར་བྱིན་ནི་ཡོདཔ་མ་ཚད་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ གོ་སྐབས་ཡང་ཡོདཔ་ལས་ མི་ཚུ་གིས་ཡང་ སེམས་ཤུགས་བསྐྱེད་ཐོག་ལས་ གསོ་སྐྱོང་འབད་དོ་ཟེར་ཨིན་པས།
ཧེ་མ་ མི་ཚུ་གིས་ སྦྲང་རྩི་དེ་ཚུ་ ནང་འཁོད་ཀྱི་ མི་ཚུ་ལུ་ར་ བཙོང་ཡོདཔ་བཞིན་དུ་ ད་རེས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ལས་ཕར་ཡང་ དུམ་གྲ་རེ་ ཚོང་འབྲེལ་འཐབ་དོ་ཟེར་ཨིནམ་ད་ ཨིན་རུང་ སེར་སྦྱངམ་ལ་ལོ་ཅིག་གིས་ བྱོག་འགྱོ་དོ་ཡོད་པའི་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ལས་ ཁོ་གི་ སེར་སྦྱངམ་ཚུ་ག་ར་ བྱོག་ཡར་སོ་ཡི་ཟེར་ ལོག་ནཐ་གིས་ བཤདཔ་ཨིན་པས།
གླང་ཅན་ཕུག་སེར་སྦྱངམ་སྡེ་ཚན་གྱི་འཐུས་མི་ ཏུ་ཏུ་རའི་གིས་ སླབ་མིའི་ནང་ ད་རེས་ སྡེ་ཚན་ལུ་ སྦྲང་རྩི་ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་མེདཔ་མ་ཚད་ གནས་གཤིས་གནས་སྟངས་ཡང་ མཐུན་ཏོག་ཏོ་ཡོདཔ་ལས་ གསེར་སྦྱངམ་གསོ་སྐྱོང་འཐབ་ནི་ལུ་ཡང་ གདོང་ལེན་མིན་འདུག་ཟེར་ཨིན་རུང་ གསེར་སྦྱངམ་གི་ཚང་མ་ལང་པའི་ དཀའ་ངལ་ཚུ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལ་ལོ་ཅིག་ལུ་ སྦྲང་རྩི་ལེགས་ཤོམ་སྦེ་ ཆགས་མ་བཏུབ་པའི་ དཀའ་ངལ་ཚུ་ བྱུང་ནུག་ཟེར་ཨིན་རུང་ དེ་ཚུ་ འཛིན་སྐྱོང་ག་དེ་སྦེ་ འཐབ་དོ་ཡོདཔ་ཨིན་ན་ལུ་ རག་ལས་པས་ཟེར་ཨིནམ་ད་ གདོང་ལེན་སྦོམ་ཤོས་ར་ གྱོག་མོ་དང་ བྱ་ལ་ལ་སོགས་པ་ཚུ་གིས་ གནོདཔ་བཀལ་མི་དེ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སེར་སྦྱངམ་གི་ཚང་རྒྱབ་སྐྱོར་དགོ་པའི་སྐོར་ རྒེག་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྒེད་འོག་གིས་ ཚང་མཁོ་འདོད་བསྐྱེད་མི་ ལེ་ཤ་ཡོད་པ་ཅིན་རྐྱངམ་གཅིག་ རྒྱབ་སྐྱོར་འབད་ནི་སྦེ་ སླབ་དེས་ཟེར་ཨིནམ་ད་ ད་རེས་ གླང་ཅན་ཕུག་སེར་སྦྱངམ་སྡེ་ཚན་ནང་ འཐུས་མི་༡༠ དེ་ཅིག་ ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སེར་སྦྱངམ་གི་ཚང་ལ་སོགས་པའི་ རྒྱབ་སྐྱོར་འབད་བ་ཅིན་ སྦྲང་རྩི་ཚོང་འབྲེལ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ གོ་སྐབས་སྦོམ་ འདུག་ཟེར་ཨིནམ་ད་ ད་རེས་ རྒེད་འོག་གི་ སྤྱི་འོག་ག་རའི་ནང་ སེར་སྦྱངམ་གསོ་སྐྱོང་འབད་དོ་ཡོདཔ་བཞིན་དུ་ མཐོ་ཤོས་ར་ རྣམ་མཆོག་ཟོར་སྤྱི་འོག་ནང་ ཡོདཔ་ཨིན་པས།
ཏུ་ཏུ་རའི་གིས་ སླབ་མིའི་ནང་ སྦྲང་རྩི་ལི་ཊར་རེ་ལུ་ དངུལ་ཀྲམ་༥༠༠ རེ་སྦེ་ བཙོང་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ ཁོ་གིས་ སྦྲང་རྩི་ལི་ཊར་༡༥ དེ་ཅིག་ བཙོང་ཐོག་ལས་ འོང་འབབ་དངུལ་ཀྲམ་༧,༥༠༠ དེ་ཅིག་ བཟོ་ཚུགསཔ་ལས་ སོ་ནམ་ཉམ་ཆུང་ ཁོང་བཟུམ་ཅིག་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
གླང་ཅན་ཕུག་སེར་སྦྱངམ་སྡེ་ཚན་གྱིས་ སྦྲང་རྩི་དེ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཚུ་ནང་རྐྱངམ་གཅིག་མེན་པར་ ཡོངས་འབྲེལ་ཐོག་ལས་ མཁོ་འདོད་བསྐྱེད་མི་དང་འཁྲིལ་ རྒྱ་གར་དང་ ཡུ་ཨེསི་ཨེ་ལ་སོགས་པའི་ ས་གནས་ཚུ་ནང་ཡང་ བཙོང་དོ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *