སྦྱོང་བརྡར་ལྟེ་བ་༦ ལས་ བདེ་སྲུང་ཤོ་ཐེངས་༤༩ པའི་ སྦྱོང་བརྡར་མཇུག་བསྡུ་ཡོདཔ།

༉ ཁ་ཙ་ སྦྱོང་བརྡར་ལྟེ་བ་༦ ལས་ བདེ་སྲུང་ཤོ་ཐེངས་༤༩ པའི་ སྦྱོང་བརྡར་མཇུག་བསྡུ་མི་དང་བསྟུན་ ད་རེས་ རྒྱལ་ཁབ་ནང་ ཡོངས་བསྡོམས་བདེ་སྲུངཔ་༢༧,༨༨༨ དེ་ཅིག་ལུ་ ལྷོད་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ བདེ་སྲུང་ཤོ་ཐེངས་༤༩ པའི་ སྦྱོང་བརྡར་མཇུག་བསྡུའི་རྟེན་འབྲེལ་ནང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གྲལ་བཞུགས་གནང་ཡི།

བདེ་བ་ཐང་གི་ སྦྱོང་བརྡར་ལྟེ་བ་ལས་ སློབ་རིམ་༡༠ པ་ ཡན་ཆད་མཐར་འཁྱོལ་མི་ སློབ་ཕྲུག་བུམོ་༣༠ བརྩིས་ཏེ་ སློབ་ཕྲུག་༡༢༠ ཀྱིས་ བདེ་སྲུང་སྦྱོང་བརྡར་ མཐར་འཁྱོལ་ཡོདཔ་ཨིན་པས།

བསམ་རྩེ་དང་ གསང་སྤང་དགེ་ལེགས་ཕུག་ དེ་ལས་ དབང་འདུས་དང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་གི་ སྦྱོང་བརྡར་ལྟེ་བ་༦ ལས་ བདེ་སྲུངཔ་༡,༦༣༡ གིས་ སྦྱོང་བརྡར་མཇུག་བསྡུ་ཡོདཔ་བཞིན་དུ་ སྦྱོང་བརྡར་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ འགོ་བཙུགས་ཡོདཔ་ཨིན་པས།

སྦྱོང་བརྡར་མཇུག་བསྡུའི་ རྟེན་འབྲེལ་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྦྱོང་བརྡར་དེ་ གྲུབ་འབྲས་ཅན་སྦེ་ མཐར་འཁྱོལ་བའི་ཤུལ་ལས་ བདེ་སྲུངཔ་ཚུ་གིས་ རྩ་བ་གསུམ་ལུ་ ག་དེ་སྦེ་ ཕྱག་ཞུ་ནི་ཨིན་ན་ ལེགས་ཤོམ་སྦེ་ར་ ཤེས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ག་དེམ་ཅིག་སྦེ་ ཕྱག་ཞུ་ནི་ལུ་ འཐུས་ཤོར་འབྱུང་པ་ཅིན་ ཁས་བླངས་དམ་བཅའ་ཕུལ་བའི་སྐབས་ གནས་སྟངས་ག་ཅི་བཟུམ་ནང་འབད་རུང་ རང་གི་ སྲོག་ར་འབད་རུང་ བློས་གཏང་སྟེ་ ཕྱག་ཞུ་ནི་ཨིན་ཟེར་ དམ་བཅའ་ཕུལ་མི་དེ་ སེམས་ཁར་དྲན་དགོ་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ བདེ་སྲུངཔ་ཚུ་གིས་ ཁས་བླངས་ཐོག་ མི་མང་སྤུངས་འཛོམས་ཚད་འཛིན་འབད་ནི་ལ་སོགས་པའི་ མི་སྡེའི་ཞབས་ཏོག་ཚུ་འབད་དོ་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ བདེ་སྲུངཔ་དེ་ གདོང་ཁར་ཐོན་ཏེ་ ལཱ་འབད་མིའི་ གཙུག་སྡེ་ངོ་མ་ཅིག་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།

བློན་ཆེན་གྱིས་ བཤད་མིའི་ནང་ བདེ་སྲུངཔ་མང་ཤོས་ཅིག་ར་ ཞི་གཡོགཔ་ཚུ་ཨིནམ་ལས་ བདེ་སྲུང་མ་ལང་པའི་ གདོང་ལེན་བྱུང་མི་ལུ་བརྟེན་ བདེ་སྲུང་སྦྱོང་བརྡར་ལས་རིམ་དེ་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ད་རེས་ སྒྲིག་གོ་ལི་ཝང་གྱོན་མི་ཚུ་མཐོངམ་ད་ བདེ་སྲུངཔ་ཨིན་པའི་ ངོ་ཤེས་དོ་ཡོདཔ་ལས་ མི་ཚུ་གི་སེམས་ཁར་ གུས་ཞབས་སྦོམ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བདེ་སྲུང་འཐུང་ཆུའི་ལས་འགུལ་ལ་སོགས་པའི་ རིག་རྩལ་གྱི་ ལས་རིམ་ལེ་ཤ་འོང་དོ་ཡོདཔ་ལས་ བདེ་སྲུངཔ་ཚུ་ལུ་ གོ་སྐབས་ལེ་ཤ་ཡོད་ཟེར་ཨིནམ་ད་ ད་རེས་ བདེ་སྲུངཔ་ཚུ་གིས་ མོང་སྒར་ལུ་ འཁོར་ལམ་སེལ་དོ་ཡོདཔ་བཞིན་དུ་ མཁས་མཆོག་ཚུ་ ཕྱི་ཁ་ལས་ ཁྱིད་འོང་ཡི་ཟེར་ཨིན་པས།

སྦྱོང་བརྡར་མཐར་འཁྱོལ་མི་ བདེ་སྲུངཔ་ཚུ་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ གྲུབ་འབྲས་ཅན་སྦེ་ མཇུག་བསྡུ་ཚུགས་མི་ལུ་ དགའ་སྤྲོ་བྱུང་ཡོདཔ་བཞིན་དུ་ བདེ་སྲུངཔ་ཅིག་སྦེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ལུ་ སྐལ་བ་བཟངམ་ལས་ ད་ལས་ཕར་ གནས་སྟངས་ག་ཅི་བཟུམ་ཅིག་ནང་འབད་རུང་ རྩ་བ་གསུམ་ལུ་ ཕྱག་ཞུ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *