སྦྱོང་བརྡར་འབད་མི་ སྨན་གཡོགམོ་ཚུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་འབད་བར་བཏང་དོ་ཡོདཔ།

༉ གཞུང་གིས་ སྦྱོང་བརྡར་འབད་ཚར་མི་ འབྲུག་པའི་སྨན་གཡོགམོ་ཚུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་འབད་ནི་གི་ གོ་སྐབས་མཐོང་མི་ལུ་བརྟེན་ སྨན་གཡོགམོ་༢༥ སིངྒ་པུར་ལུ་ གཏང་ནི་ཨིན་པས།
ལས་གཡོག་ལྷན་ཁག་གིས་ སིངྒ་པུར་ལུ་ གསོ་བའི་ལས་རོགསཔ་སྦེ་ གོ་སྐབས་ཡོད་པའི་སྐོར་ལས་ ཁྱབ་བསྒྲགས་འབད་ཡོདཔ་བཞིན་དུ་ སིངྒ་པུར་འུཌ་ལེན་གསོ་བའི་ས་ཁོངས་ནང་ ལོ་༢ ཀྱི་རིང་ ལཱ་འབད་ནིའི་དོན་ལུ་ ཧི་རི་ཊིཆ་ སོ་ཀེབ་ པི་ཊ་ཨི་ལས་སྡེ་བརྒྱུད་དེ་ ད་ལྟོ་ སྨན་གཡོགམོ་༨ བཙག་འཐུ་འབད་ནུག།
མ་གཞི་ རྒྱལ་ཁབ་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་དང་ ལཱ་གཡོག་ནང་ལས་ ཐོན་སོང་པའི་ གྱངས་ཁ་མཐོ་དྲགས་སྦེ་ར་ཡོད་རུང་ ལོགས་གཅིག་ཁ་ལས་ གཞུང་གིས་ སྨན་གཡོགམོ་༢༥ ཕྱིའི་རྒྱལ་ཁབ་ནང་ ལཱ་འབད་བར་ གཏང་ནི་དེ་ མ་འདྲཝ་ཅིག་ཨིན་པས།
གསོ་བའི་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ ཟླ་རིམ་བཞིན་དུ་ སྨན་གཡོགམོ་༢ དེ་རེ་ ལཱ་གཡོག་བཤོལ་བཞག་སྟེ་ འགྱོ་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ སྨན་གཡོགམོ་༡༦ ཁས་བླངས་ཐོག་ ལཱ་གཡོག་ནང་ལས་ དགོངས་ཞུ་སོང་ཡོད་པའི་ཁར་ ལོ་༦ གི་ནང་ སྨན་གཡོགམོ་༡༢༥ དགོངས་ཞུ་སོང་ནུག།
ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ཕྱི་རྒྱལ་ལུ་ ལཱ་འབད་ནིའི་ གོ་སྐབས་ཐོབ་མི་དང་ རྒྱལ་ཁབ་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་༢ ཀྱི་བར་ན་ རྒྱབ་འགལ་འགྱོ་ནི་མེན་པར་ སྨན་གཡོགམོ་འཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་འཐོབ་ནི་ལུ་ གོ་སྐབས་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་ལུ་ ངོས་ལེན་ཡོད་རུང་ ད་རེས་ནངས་པར་ སྨན་གཡོགམོ་སྦྱོང་བརྡར་མཐར་འཁྱོལ་མི་ སྨན་གཡོགམོ་ལེ་ཤ་ཅིག་ ཁྲོམ་ཁ་ལས་ཕར་ ལཱ་གཡོག་འཚོལ་བའི་བསྒང་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་ ལྷན་ཁག་གིས་ སྨན་གཡོགམོ་ཚུ་ ཕྱི་རྒྱལ་ལུ་ ལཱ་འབད་བར་ བཏང་མི་མེན་པར་ སྨན་གཡོགམོ་དགོངས་ཞུ་འགྱོ་མི་ གྱངས་ཁ་ཡར་སེང་འགྱོ་མི་ལུ་བལྟཝ་ད་ དཀའ་ངལ་ཅིག་ ཡོདཔ་བཟུམ་སེྦེ་ མཐོངམ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་ཡོད་རུང་ གསོ་བ་ལྷན་ཁག་གིས་ སྦྱོང་བརྡར་འཐར་འཁྱོལ་མི་ག་ར་ ལེན་མི་ཚུགས་ཟེར་ཨིནམ་ད་ གཞུང་གཡོག་ནང་ སྨན་གཡོགམོ་ལེན་ནི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
ད་རེས་ཁྲོམ་ཁར་ སྨན་གཡོགམོ་༥༠༠ དེ་ཅིག་ ལཱ་གཡོག་འཚོལ་བའི་བསྒང་ཡོདཔ་ད་ ལས་གཡོག་བློན་པོ་གིས་ བཤད་མིའི་ནང་ སྨན་གཡོགམོ་དེ་ཚུ་ གཙུག་སྡེ་མ་འདྲཝ་ཚུ་ནང་ སྦྱོང་བརྡར་འབད་མི་ལས་༢༠༠ དེ་ཅིག་ རྒྱ་གར་ལས་ མཐར་འཁྱོལ་ནུག་ཟེར་ཨིནམ་ད་ གསོ་བའི་ལྷན་ཁག་གིས་ སྨན་གཡོགམོ་སྦྱོང་བརྡར་མཐར་འཁྱོལ་མི་ག་ར་ ལེན་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༡༦-༡༧ ལུ་ ལས་གཡོག་ལྷན་ཁག་གིས་ ཐད་ཀར་ལཱ་གཡོག་ལམ་ལུགས་ཐོག་ལས་ འབྲེལ་འཛིན་འབད་བཞག་ཡོད་རུང་ ལམ་ལུགས་དེ་ བཤོལ་བཞག་ཞིནམ་ལས་ སྨན་གཡོགམོ་ཚུ་ ལཱ་མེདཔ་ཡར་སོ་ཡི་ཟེར་ ལས་གཡོག་བློན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་འབད་རུང་ སྨན་གཡོགམོ་ཚུ་གི་ དུས་ཡུན་ཕར་འགྱངས་འབདདགོ་པའི་ ཞུ་བ་ལྷོད་བཞིན་དུ་ཡོད་ཟེར་ཨིནམ་ད་ ཐད་ཀར་ལཱ་གཡོག་ལམ་ལུགས་དེ་ ཆ་མེད་བཏང་ཡོདཔ་ལས་ ཕར་འགྱངས་འབད་ནི་གི་ འོས་འབབ་ཅིག་ མ་མཐོང་ཟེར་ཨིན་པས།
ལམ་ལུགས་དེ་ནང་ སྨན་གཡོགམོ་གི་ དངུལ་ཕོགས་ཚུ་ ལྷན་ཁག་གིས་ བྱིན་དོ་ཡོདཔ་ལས་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ སྨན་གཡོགམོ་ཚུ་གི་དོན་ལུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་འདུག་ཟེར་ཨིན་པས།
ལས་གཡོག་བློན་པོ་གིས་ དོགས་སེལ་འབད་མིའི་ནང་ ཕྱི་རྒྱལ་ལས་ ལཱ་གཡོག་གི་ གོ་སྐབས་དེ་ ཁོ་ར་ ལྷན་ཁག་ནང་ འཛུལ་ཞུགས་མ་འབད་བའི་ ཧེ་མ་ལས་ ལྷོད་མི་ལུ་བརྟེན་ སྨན་གཡོགམོ་ཚུ་ སིངྒ་པུར་ལུ་ གཏང་ནི་གི་ ལཱ་འབད་དོ་ཟེར་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་མི་ སྨན་གཡོགམོ་ཚུ་ འབྲེལ་འཛིན་ཐོག་ བཞག་ནི་ལུ་ ཕྱི་རྒྱལ་ལུ་ གོ་སྐབས་འཚོལ་བ་ཅིན་ ཐབས་ཤེས་ལེགས་ཤོམ་ཅིག་ཨིནམ་བཞིན་དུ་ སིངྒ་པུར་གྱི་ སྨན་ཁང་ཚུ་གིས་ཡང་ གྲོས་འཆར་ཚུ་ བཙུགས་ཏེ་ཡོདཔ་ལས་ ང་བཅས་ཀྱི་ འཆར་གཞི་དང་ རྒྱལ་ཁབ་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་༢ རྒྱབ་འགལ་མི་འགྱོ་ཟེར་ ལས་གཡོག་བློན་པོ་གིས་ བཤདཔ་ཨིན་པས།
སིངྒ་པུར་ལུ་ ང་བཅས་རའི་ སྨན་གཡོགམོ་ཚུ་གིས་ ལཱ་འབད་བ་ཅིན་ དངུལ་ཕོགས་ཡང་ སིངྒ་པུར་ཌོ་ལར་༡,༠༠༠ ལས་ འགོ་བཙུགས་ཏེ་ འཐོབ་ནི་ཨིནམ་ད་ ལྷན་ཁག་གིས་ ལོ་༡ ནང་ སྨན་གཡོགམོ་༢༥ གཏང་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ སྨན་གཡོགམོ་༨ ལས་བརྒལ་ བཙག་འཐུ་མ་འབད་བར་ཡོདཔ་ད་ གོ་སྐབས་དེ་ཡང་ དམིགས་བསལ་དུ་ ཐད་ཀར་ལཱ་གཡོག་གོ་སྐབས་ནང་ ལཱ་འབད་མི་དང་ ལྷན་ཁག་དང་གཅིག་ཁར་ ཐོ་བཀོད་འབད་མི་ལུ་ བྱིན་ནི་ཨིན་པས།
ལས་གཡོག་བློན་པོ་གིས་ ལས་རིམ་འཕྲོ་མཐུད་ འབད་ནི་དེ་ ཤོ་ཐེངས་དང་པའི་ གྲུབ་འབྲས་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *