སྦྱོང་བརྡར་མཐར་འཁྱོལ་མི་ མདའ་རྩེདཔ་ཚུ།

སྦྱོང་བརྡར་མཐར་འཁྱོལ་ཞིནམ་ལས་ མི་ཚེའི་རིང་ མདའ་རྩེདཔ་འབད་ནི་སྦེ་ སེམས་ཐག་བཅད་ཡོདཔ།

༉ ཇ་པཱན་ལུ་ ལོ་༣ གྱི་རིང་ མདའ་རྩེད་སྦྱོང་བརྡར་མཇུག་བསྡུ་སྟེ་ འབྲུག་ལུ་ལྷོད་མི་ ན་གཞོན་༢ ཀྱིས་ མི་ཚེའི་རིང་ མདའ་རྩེདཔ་འབད་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་པས།

དེ་ཡང་ སྐྱེས་ལོ་༢༣ ལང་མི་ བསོད་ནམས་ཆོས་སྒྲོན་དང་ སྐྱེས་ལོ་༡༩ ལང་མི་ དངོས་གྲུབ་རྡོ་རྗེ་གཉིས་ཀྱིས་ མདའ་རྩེད་སྦྱོང་བརྡར་འབད་ནིའི་ གོ་སྐབས་དེ་ཡང་ ཇ་པཱན་ལུ་ཡོད་མི་ སིའེ་ས་སྡེ་ཚན་ལས་ སློབ་གཉེར་གྲོགས་རམ་ཐོབ་ནི་དེ་གིས་ཨིནམ་ད་ འབྲུག་ལས་ མདའ་རྩེད་ཀྱི་དོན་ལུ་ སློབ་གཉེར་གྲོགས་རམ་ཐོབ་མི་ འགོ་དང་པ་ཨིན་པས།

མོང་སྒར་ སི་ལམ་སྦིས་རྒེད་འོག་ལས་ བསོད་ནམས་ཆོས་སྒྲོན་གྱིས་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་གི་བར་ན་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ དྲག་ཤོས་ཨང་དང་པ་ཐོན་མི་ ལས་རིམ་དེ་ འབྲུག་མདའ་རྩེད་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བཀྲིས་སྒང་ རྐང་པ་ར་ལས་ དངོས་གྲུབ་རྡོ་རྗེ་གིས་ འབྲུག་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ རི་ཀཔ་ཟེར་མི་ ཕྱི་རྒྱལ་མདའ་གཞུ་ཐོག་ ཤར་ཕྱོགས་རྫོང་ཁག་གི་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་གི་བར་ན་ འགྲན་བསྡུར་འབདཝ་ད་ ཨང་དང་པ་ཐོན་ནུག།

ཁོང་༢ ཀྱིས་ སྦྱོང་བརྡར་འབད་མི་གིས་ མ་དོ་བར་ ཨིང་ལིཤ་དང་ རྩིས་ བྱུང་རབས་ ཚན་རིག་ ཟས་བཅུད་རྩེད་རིགས་ འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་ ཇ་པཱན་གྱི་ཁ་སྐད་ དེ་ལས་ དེ་སང་མི་སྡེའི་གནས་སྟངས་གུ་ ཤེས་ཡོན་སྦྱངས་ནུག།

བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སིའེ་ས་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གཙོ་བོ་རྩེད་རིགས་ལུ་ ལྷབ་སྦྱང་འབད་རུང་ གདམ་ཁ་ཆོས་ཚན་མེད་པར་ ཆོས་ཚན་གཞན་ཡང་ བལྟ་དགོ་པས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཆོས་ཚན་དང་འབྲེལ་བའི་ ཤེས་ཡོན་ཐོབ་ཡོདཔ་མ་ཚད་ གཞན་ཡང་ དུས་ཚོད་ཁར་ལྷོད་དགོཔ་དང་ ཧ་གོ་དགོཔ་ དེ་ལས་ དུས་ནམ་ར་འབད་རུང་ སྦ་གསང་མེད་པར་ ཕྲང་ཏང་ཏ་སྦེ་སྡོད་དགོ་པའི་སྐོར་ ཉམས་མྱོང་དང་ རིག་རྩལ་ཚུ་ ཐོབ་ཅི་ཟེར་ཨིན་པས།

དེ་བཟུམ་སྦེ་ དངོས་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ འཕྲོ་མཐུད་དེ་ར་ མདའ་རྩེད་འགྲན་འབད་ནི་ཨིན་རུང་ ཧེ་མ་ར་ དཔེ་ཆ་ལྷབ་ཚར་དགོ་པས་ཟེར་ཨིན་པས།

ད་རེས་ ཁོང་༢ ཆ་ར་ འབྲུག་མདའ་རྩེད་ཚོགས་པའི་འཐུས་མི་སྦེ་ འཛུལ་ཞུགས་མ་འབད་བར་ཡོདཔ་ལས་ བསོད་ནམས་ཆོས་སྒྲོན་དང་འཁྲིལཝ་ད་ ཚོགས་སྡེ་ནང་ འཐུས་མི་སྦེ་ འཛུལ་ཞིནམ་ལས་ འཕྲོ་མཐུད་དེ་ མདའ་རྩེད་འགྲན་འབད་ནི་ཨིན་ཟེར་ཨིན་པས།

ཁོང་༢ ལུ་ རྒྱབ་སྐྱོར་དང་ ལམ་སྟོན་འབད་མི་ སློབ་སྟོན་པ་ ཧི་རོའེ་ཀི་ ཨིས་ཌ་གིས་ སླབ་མིའི་ནང་ ཁོང་༢ ཀྱིས་ ཆོས་ཚན་ནང་ མཐར་འཁྱོལ་བའི་ཁར་ མདའ་རྩེད་ནང་ཡང་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ཡོད་ཟེར་ཨིན་པས།

དེ་འབདཝ་ལས་ འབྲུག་ཨོ་ལིམ་པིག་ཚོགས་པ་ལུ་ སློབ་གཉེར་གྲོགས་རམ་ལས་རིམ་དེ་ འཕྲོ་མཐུད་དེ་ར་ བྱིན་ནི་ཨིནམ་ད་ དེ་ཡང་ མདའ་རྩེད་རྐྱངམ་གཅིག་ལུ་མེན་པར་ ཚོགས་པ་གིས་ འགོ་འདྲེན་འཐབ་མི་ ལས་རིམ་གཞན་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ བཤད་ཅི།

སིའེ་ས་རྩེད་རིགས་ གཞི་བཙུགས་འབད་མི་དང་ བཀོད་ཁྱབ་འགོ་དཔོན་  སྐྱེས་ལོ་༧༡ ལང་མི་ ཡ་སུའོ་ མི་ཡ་ཟ་བ་གིས་ སྤྱི་ལོ་༢༠༡༦ ལུ་ འབྲུག་ལུ་ སིའེ་ས་ལས་རིམ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *