༉ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ལ་བདའ་སྟེ་ ཆརཔ་དུམ་གྲ་རེ་ ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ཀྱི་ གཙང་ཆུ་མང་ཤོས་ཅིག་ར་ བྲེས་ཡོདཔ་མ་ཚད་ ཀྲོང་གསར་སྦྱིས་ཟམ་ལུ་སྡོད་མི་ཚུ་ཡང་ ཉེན་སྲུང་ཅན་གྱི་ས་ཁོངས་ནང་ སྤོ་བཤུད་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
ཨིན་རུང་ ཁ་ཙ་ ཕྱི་རུ་ཁམས་ཅིག་ལས་ རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ཚུ་གིས་ ཆུ་ཚད་ལྟ་རྟོག་འབད་ཐོག་ལས་ མི་ཚུ་ རང་སོའི་ཁྱིམ་ནང་ ལོག་བཏང་ཡོདཔ་ད་ ག་དེམ་ཅིག་སྦེ་ ད་རུང་ ཉེན་ཁ་རེ་འཐོན་པ་ཅིན་ སྤོ་འགྱོ་ནི་ལུ་ གྲ་སྒྲིག་སྡོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
རྫོང་ཁག་རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ འཇམ་དབྱངས་ཆོས་རྒྱལ་གིས་ སླབ་མིའི་ནང་ སྦྱིས་ཟམ་ལུ་སྡོད་མི་ ཕོ་སྐྱེས་༣༣ དང་ ཨམ་སྲུ་༡༧ ཨ་ལོ་༩ དེ་ལས་ དབང་པོ་སྐྱོན་ཅན་༡ ཉེན་སྲུང་ལྡན་པའི་ས་ཁོངས་ནང་ སྤོ་བཤུད་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་དེ་ཚུ་ ཧེ་མ་ལས་ སྦྱོང་བརྡར་ཐོབ་མི་འབད་ནི་དེ་གིས་ ཚ་གྱང་དང་ རྣམ་རྟོག་ལང་བའི་ གནད་དོན་ཚུ་ མ་འབྱུང་ཟེར་ཨིན་པས།
རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བའི་ ཐབས་རིག་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ རྒྱལ་ཁབ་ཀྱི་ གཙང་ཆུ་མང་ཤོས་ཅིག་གི་ ཚད་གཞི་ཡར་འཕར་སོང་ཡོད་རུང་ མང་སྡེ་ཆུ་གི་ཚད་གཞི་དེ་ དེ་ཅིག་ཡར་འཕར་འགྱོ་ནིའི་ མནོ་བསམ་མ་བཏང་ཟེར་ཨིན་པས།
གཙང་ཆུ་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ ལས་ དྲནམ་བཏོན་དགོ་པའི་ གནས་ཚད་གུ་ལྷོད་ཡོདཔ་ད་ དེ་དང་འཁྲིལ་ གཙང་ཆུ་དེ་བདའ་སྟེ་ སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ཡོདཔ་ཨིན་པས།
དྲོ་པའི་ཆུ་ཚོད་ཕྱེད་དང་༧ ལུ་ ལྗོངས་ཐང་ཆུའི་ཚད་གཞི་ལྟ་རྟོག་ཁང་ནང་ ཉེན་ཁ་ཅན་གྱི་ཚད་གཞི་གུ་ ལྷོད་ཡོདཔ་བཞིན་དུ་ མི་མང་ལུ་ བརྡ་སྤྲོད་ཐབས་ལུ་ ཉེན་བརྡའི་བརྡ་སྐད་ རྐྱབ་བཅུག་ཅི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མ་གཞི་ གཙང་ཆུའི་ཚད་གཞི་ འ་ནེམ་ཅིག་ནང་ མི་སེར་ཚུ་ ཉེན་སྲུང་ཅན་གྱི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་དགོཔ་མེད་རུང་ གཙང་ཆུ་དེ་ལུ་ ཁྱེགས་མཚོ་རྦད་འགྱོ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁྱེགས་མཚོ་རེ་ རྦད་འོང་པ་ཅིན་ ལྗོངས་ཐང་དང་ སྦྱིས་ཟམ་བར་ན་ དུས་ཡུན་སྐར་མ་༣༢ དེ་ཅིག་མ་གཏོགས་ མི་འགོར་ནི་ཨིནམ་ལས་ སྤོ་བཤུད་འབད་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
ད་ལྟོ་ མང་སྡེ་ཆུ་གི་ཚད་གཞི་དེ་ ཡར་སེང་མར་འབབ་འབད་དེ་ར་ སྡོད་དོ་ཡོདཔ་ལས་ གནས་སྟངས་ག་དེ་སྦེ་འབྱུང་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ བཤད་མིའི་ནང་ ད་ལྟོ་ཚུན་ ལྕམ་མཁར་ཆུ་དེ་ ཨ་རྟག་ག་ཨིནམ་སྦེ་ར་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་མོ་ཆུ་དེ་ སྤྱི་ཟླ་༨ པའི་ཚེས་༩ ལུ་ ཚར་གཅིག་བྲེས་ཡོད་རུང་ ལོག་མར་བབས་སོང་ཡོདཔ་ད་ ཨིན་རུང་ ཁ་ཙ་ དྲོ་པའི་ཆུ་ཚོད་༡ ལས་ ལོག་སྟེ་ར་ དྲནམ་བཏོན་དགོ་པའི་ ཚད་གཞི་གུ་ ལྷོད་ཡོདཔ་མ་ཚད་ ཧ་ལམ་ ཉེན་ཁ་ཅན་གྱི་ཚད་གཞི་གུ་ཡང་ ལྷོད་ནི་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ དྲོ་པའི་ཆུ་ཚོ་༣:༤༥ དེ་ཅིག་ཁར་ ཕོ་ཆུ་ཡང་ ཉེན་ཁ་ཅན་གྱི་ གནས་ཚད་ཁར་ ལྷོད་ཡོདཔ་བཞིན་དུ་ ད་ལྟོ་ཡང་ དེ་སྦེ་ར་ ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་བྲེས་མི་ལུ་བརྟེན་ བ་འཇོ་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་འཛིན་གྱི་ བྱེམ་བཏོན་སའི་ ས་ཁོངས་དང་ ས་སྤག་ཅུང་བཟོ་སའི་ འཕྲུལ་ཁང་གཉིས་ ཆུ་ནང་བྱིང་ཡོདཔ་ཨིན་རུང་ ཅ་ཆས་དང་ འཕྲུལ་ཆས་ཚུ་ ཉེན་སྲུང་འབད་ཚུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བའི་ནང་ འགོ་དཔོན་ཚུ་གིས་ ཉིན་ནུབ་མེད་པར་ ཆུའི་ཚད་གཞི་ཚུ་ ལྟ་རྟོག་འབད་བཞིན་དུ་ཡོདཔ་ད་ ཁ་ཙ་ ལྟེ་བའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ ནང་སྲིད་ལྷན་ཁག་གི་དྲུང་ཆེན་ དེ་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ཚུ་གིས་ གློ་བུར་ཞལ་འཛོམས་ཅིག་ འཚོགས་མིའི་ནང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།
ཉི་མ་དབང་འདུས།