སྦྱིས་མེད་ནང་ སྒེར་གྱི་སློབ་གྲྭ་ནང་ སློབ་ཕྲུག་ཚུ་ལུ་ བསླབ་སྟོན་འབད་དོ་ཡོདཔ།

ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བསླབ་སྟོན་པ་ཚུ་གིས་ ཐིམ་ཕུག་སྦྱིས་མེད་ནང་ལུ་སྒེར་གྱི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ལུ་ བསླབ་བྱ་དང་ ལམ་སྟོན་ཚུ་བྱིན་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༦ ལུ་ སྐྱེས་ལོ་༣༩ ལང་མི་ དོགས་པ་ཅན་ དབུ་འཛིན་འོག་མ་གིས་ སྐྱེས་ལོ་༡༡ ལས་༡༥ གི་བར་ན་འབད་མི་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་པའི་ གནད་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་ཤུལ་ལས་ཨིན་པས།

སློབ་གྲྭའི་དབུ་འཛིན་གིས་ བྱུང་རྐྱེན་ཚུ་གི་སྐོར་ལས་ སྒྱིད་དར་གོངམ་སྨན་ཁང་གི་ ལས་བྱེདཔ་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༥ ལུ་ སླབ་པའི་ཤུལ་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ནུག།

ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ ལྷན་ཁག་གིས་འབད་རུང་ ཉམས་རྒུདཔ་སློབ་ཕྲུག་དང་ སློབ་ཕྲུག་བུམོ་གཞན་ཚུ་ལུ་ བསླབ་སྟོན་ལས་རིམ་ འགོ་བཙུགས་མི་ལུ་བརྟེན་ ལེགས་ཤོམ་འགྱོ་ནི་གི་ རེ་བ་ཡོདཔ་བཞིན་དུ་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ཡང་ བསླབ་སྟོན་པ་ཚུ་ སློབ་གྲྭ་ནང་ བཏང་ནུག་ཟེར་ཨིན་པས།

ད་རེས་ནངས་པར་ རྒྱལ་ཁབ་ནང་ བསླབ་སྟོན་པ་༡༠༣ ལས་བརྒལ་མེདཔ་ལས་ འབྲིང་རིམ་སློབ་གྲྭ་བར་མ་དང་ སློབ་གྲྭ་གོང་མ་ནང་མ་གཏོགས་ སློབ་གྲྭ་ཆུང་བ་ཚུ་ནང་ བསླབ་སྟོན་པ་ཚུ་ བགོ་བཀྲམ་འབད་ མ་ཚུགས་པར་ ཡོད་ཟེར་ཨིནམ་ད་ སློབ་གྲྭ་ཆུང་བ་ཚུ་ནང་ཡང་ བསླབ་སྟོན་པ་ཚུ་ ངེས་པར་དུ་ བཙུགས་དགོཔ་དེ་ གལ་གནད་ཅན་ཅིག་སྦེ་ བྱུང་སྟེ་ཡོདཔ་བཞིན་དུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ བསླབ་སྟོན་པ་མེདཔ་ཨིན་པས།

ཤེས་རིག་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ དབུ་འཛིན་འོག་མ་གིས་ སྒེར་སྡེ་སློབ་གྲྭའི་ སློབ་ཕྲུག་༩ ལུ་ བྱ་སྤྱོད་ངན་པ་འབད་ཡོདཔ་མ་ཚད་ སློབ་ཕྲུག་གཞན་ཚུ་ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་དེ་ སློབ་གྲྭའི་དབང་འཛིན་དང་ སློབ་དཔོན་ཚུ་ལུ་ བཟེད་མ་ཚུགས་པའི་ བྱ་སྤྱོད་ངན་པ་ཅིག་ཨིན་མས་ཟེར་བཀོད་ནུག།

ཤེས་རིག་བློན་པོ་གིས་འབད་བ་ཅིན་ བྱ་ངན་དེ་གིས་ སློབ་དཔོན་དང་ སློབ་ཕྲུག་ དེ་ལས་ ཁོ་རའི་ བཟའ་ཚང་ནང་ སྟབས་མ་བདེཝ་ སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ཉམས་རྒུདཔ་ཚུ་གི་ བཟའ་ཚང་ཚུ་ལུ་ ང་བཅས་ལས་ སེམས་ཕམ་སྦོམ་ཡོད་ཟེར་ཨིན་པས།

ད་རེས་ ཉམས་རྒུདཔ་སློབ་ཕྲུག་ཚུ་ཡང་ དུས་རྒྱུན་གྱི་ སློབ་གྲྭ་ནང་ འགྱོ་བཞིན་དུ་ཡོདཔ་ད་ བྱ་བ་ངན་པ་དེ་ཡང་ རྒྱལ་ཁབ་ནང་ ཤེས་ཡོན་སྦྱང་སའི་ སློབ་གྲྭ་རྩ་ཅན་ནང་ བྱུང་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

མ་གཞི་ གཞུང་གི་ སློབ་གྲྭ་ཚུ་ནང་ སློབ་དཔོན་ཚུ་ གསར་བཙུགས་འབད་བའི་སྐབས་ ཁྱད་རིག་ཐོག་ལས་ འབད་ཡོད་རུང་ སྒེར་གྱི་སློབ་གྲྭ་ཚུ་ནང་ དེ་བཟུམ་མེད་མི་ལུ་བརྟེན་ སྟབས་མ་བདེཝ་བྱུངམ་ཨིན་མས་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།

རྒྱུ་མཚན་དེ་ལུ་བརྟེན་ ད་རེས་ ལྷན་ཁག་གི་ མི་སྟོབས་སྡེ་ཚན་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་དཔོན་གསར་བཙུགས་ཀྱི་ ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

ལྷན་ཁག་གི་ སྒེར་གྱི་སློབ་གྲྭ་སྡེ་ཚན་གྱི་ གཙོ་འཛིན་འོག་མ་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་དཔོན་ཚུ་ གསར་བཙུགས་འབད་བའི་སྐབས་ སྒེར་གྱི་སློབ་གྲྭའི་ ལམ་སྟོན་ནང་ སློབ་དཔོན་ཚུ་ ཉུང་མཐའ་མཐོ་རིམ་ཤེས་ཚད་ ཡོད་མི་དང་འཁྲིལ་ དགོཔ་མ་གཏོགས་ རང་སོའི་སློབ་གྲྭ་ནང་ སློབ་དཔོན་གསར་བཙུགས་ག་ར་ སློབ་གྲྭའི་འཛིན་སྐྱོང་གིས་ འབད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ སློབ་དཔོན་གསར་བཙུགས་འབད་བའི་སྐབས་ ཧེ་མ་ བྱ་སྤྱོད་ངན་པ་ འབད་ཡོད་མེད་ཚུ་ བལྟ་ནིའི་དོན་ལུ་ ཁ་གསལ་སྦེ་ ལམ་སྟོན་ནང་ བཀོད་དེ་མིན་འདུག་ཟེར་ཨིན་རུང་ ད་རེས་ གནད་དོན་དེ་གིས་ དྭངས་གསལ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ཁ་ཙ་ ཤེས་རིག་བློན་པོ་ བྱ་ངན་བྱུང་སའི་ སྒེར་གྱི་སློབ་གྲྭ་ནང་བྱོན་ཏེ་ སློབ་དཔོན་ཚུ་དང་ འཕྱད་ཐོག་ལས་ སློབ་དཔོན་ཚུ་ལུ་ ལོག་ཨ་རྟག་གི་ གནས་སྟངས་ནང་ འོང་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

དེ་བཟུམ་སྦེ་ བློན་པོ་གིས་ དོགས་པ་ཅན་གྱི་ གནས་ཚང་དང་ ཨ་ལོ་༣ དང་འཕྱད་དེ་ ལྷན་ཁག་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཡོད་ལུགས་ཡང་ བཤད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ ཐོ་བཀོད་དང་འཁྲིལཝ་ད་ དོགས་ཅན་དབུ་འཛིན་འོག་མ་དེ་ སྤྱི་ལོ་༢༠༠༤ ལུ་ བཀྲིས་སྒང་ལུ་ སྡོད་པའི་སྐབས་ སློབ་ཕྲུག་བུམོ་ཅིག་དང་ ཚུལ་མིན་དགའ་མཐུན་བཟོ་མི་ལུ་བརྟེན་ ལོ་༥ ཉེས་ཁྲིམས་ཕོག་ཡོདཔ་ཨིན་པས།

སྦྱིས་མེད་ནང་ སློབ་གྲྭ་ནང་ སློབ་ཕྲུག་བུམོ་ཚུ་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ གནད་འཚེ་འབད་བའི་སྐོར་ ཕམ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་ཡི་གུ་བཙུགས་པའི་ཤུལ་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

དོགས་པ་ཅན་དེ་གིས་ སློབ་གྲྭ་ཆུང་བ་དེ་ནང་ སློབ་སྟོན་འབད་དེ་ ལོ་ངོ་༧ དེ་ཅིག་ ལང་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *