སྤྲོ་སྟོན་ཁང་༢ གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་ཡོདཔ།

༉ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ཡོད་མི་ སྤྲོ་སྟོན་ཁང་ ཐིམ་ཕུག་ཀ་ལབ་དང་ བདེ་བ་ཅན་ཟེར་མི་ སྤྲོ་སྟོན་ཁང་༢ གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་ཡོདཔ་ཨིན་པས།
དེ་ཡང་ དབང་འཛིན་གྱིས་ འདས་པའི་བདུན་ཕྲག་གི་ རེས་གཟའ་སྤེན་པ་ལུ་ གནས་སྐབས་བཀག་དམ་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཨིན་པས།
དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ བཙན་སྐྱོགས་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེ་ ཁྲོམ་སྡེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ དེ་ལས་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ལྟ་རྟོག་འབད་བའི་སྐབས་ ཁོང་གིས་ ལམ་ལུགས་ལས་ འགལ་མི་ལུ་བརྟེན་ བཀག་དམ་འབད་ཡི་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ དབང་འཛིན་གྱི་ ཁ་ཐུག་ལས་ ལམ་ལུགས་ཚུ་ དྭངས་གསལ་དང་ འདྲ་མཉམ་སྦེ་ མི་མང་ཡོངས་ལུ་ ཡངས་ཆག་མེད་པར་ བཀལ་ནི་ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཐིམ་ཕུག་ལུ་ཡོད་མི་ སྤྲོ་སྟོན་ཁང་ ག་གིས་འབད་རུང་ སྤྲོ་སྟོན་གྱི་ལམ་ལུགས་ལས་ འགལ་སོ་པ་ཅིན་ ཁོང་གི་ཁ་ཐུག་ལས་ ལམ་ལུགས་དང་འཁྲིལ་ཏེ་ར་ དང་ལེན་འབད་ནི་ཨིན་ཟེར་ཨིན་པས།
ཡོངས་ཁྱབ་མདེ་ཆེན་གྱིས་ བཤད་མི་དང་འཁྲིལཝ་ད་ ཐིམ་ཕུག་ཀ་ལབ་ཟེར་ ཞབས་ཁྲ་རྐྱབ་ཐོག་ལས་ མི་མང་ལུ་ ལྟདམོ་སྟོན་སའི་ ས་ཁོངས་དེ་ནང་ ལམ་ལུགས་ལས་འགལ་མི་དེ་ ད་རེས་ ཐེངས་༣ ཨིནམ་ལས་ གནས་སྐབས་བཀག་དམ་འབད་དགོ་པའི་ བཀའ་རྒྱ་བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
ཁོང་གིས་ དུས་ཚོད་ལས་བརྒལ་ཏེ་ སྤྲོ་སྟོན་ཁང་ སྒོ་ཕྱེས་བཞག་པའི་ཁར་ ཧེ་མ་ དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་བའི་སྐབས་ སྙན་ཆ་ལག་ལེན་འཐབ་ཐོག་ལས་ ཞབས་ཁྲའི་ལམ་རིམ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ སླབ་ཡོད་རུང་ ད་ལྟོ་འབད་བའི་བསྒང་ལས་ ཞབས་ཁྲ་རྐྱབ་མི་ཚུ་བཙུགས་ཏེ་ སྒྲ་དབྱངས་བཟུམ་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ བཀག་དམ་འབད་དགོཔ་བྱུང་ཡི་ཟེར་ བཤད་ཅི།
སྒྲ་དབྱངས་དང་ ཞབས་ཁྲ་འཐེན་ས་ དེ་ལས་ སྙན་ཆ་ལག་ལེན་ཐོག་ ཞབས་ཁྲ་འཐེན་ནི་དང་ རྐྱབ་ནི་ཡོད་མི་ཚུ་ བདུན་ཕྲག་ངལ་གསོའི་་སྐབས་ལུ་ ནུབ་མོའི་ཆུ་ཚོད་༡༢ ཚུན་ སྒོ་ཕྱེས་བཞག་ཆོགཔ་ཨིན་རུང་ དུས་ཚོད་གཞན་གྱི་སྐབས་ལུ་ ནུབ་མོའི་ཆུ་ཚོད་༡༡ ལུ་ སྒོ་བསྡམ་དགོཔ་ཨིནམ་ད་ ཞབས་ཁྲ་རྐྱབ་སའི་ ཌིག་སོ་ཐེག་ཚུ་འབད་བ་ཅིན་ བདུན་ཕྲག་ངལ་གསོ་སྐབས་ དྲོ་པའི་ཆུ་ཚོད་༡ ཚུན་ སྒོ་ཕྱེས་བཞག་ཆོགཔ་ཨིན་པས།
དབང་འཛིན་དང་ ལས་སྡེ་ཚུ་གཞན་ཚུ་གིས་ འཕྲལ་འཕྲལ་ བདུན་ཕྲག་རེ་ནང་ཚར་༢ དང་ འཕྲལ་འཕྲལ་ཚར་༡ ལྟ་རྟོག་འབད་དོ་ཡོདཔ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ཡང་ ལོ་༡ གི་དོན་ལུ་ ལྟ་རྟོག་པ་༢ བསྐོ་བཞག་འབད་དེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བདེ་བ་ཅན་སྤྲོ་སྟོན་ཁང་ཡང་ དུས་ཚོད་ཁར་ སྒོ་མ་སྡམ་པའི་གནད་ལུ་བརྟེན་ཏེ་ གནས་སྐབས་ཅིག་ ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་ཡོདཔ་ཨིན་པས།
ཞིབ་དཔྱད་སྡེ་ཚན་གྱིས་ ལམ་ལུགས་ལས་འགལ་མི་ སྤྲོ་སྟོན་ཁང་ཚུ་ འགོ་དང་པ་ཨིན་པ་ཅིན་ ཉེན་བརྡ་བྱིན་དོ་ཡོདཔ་ད་ ཐེངས་གཉིས་པའི་ཐད་ཁར་ ཟླཝ་༣ གྱི་ རྒྱལ་ཡོངས་ལས་མི་གླ་ཆ་ དེ་ལས་ ཐེངས་༣ པ་ཨིན་པ་ཅིན་ གནས་སྐབས་བཀག་དམ་འབད་དེ་བཞག་ནི་དང་ དེ་ལས་ཡང་ གནས་མ་བཏུབ་པ་ཅིན་ ཆོག་ཐམ་ཆ་མེད་གཏངམ་ཨིན་པས།
ཨིན་རུང་ སྤྲོ་སྟོན་ཁང་གི་ ཇོ་བདག་ཚུ་གིས་ མཐོ་གཏུགས་འབད་བ་ཅིན་ ཟླཝ་༩ གི་ རྒྱལ་ཡོངས་ལས་མི་གླ་ཆ་ སྤྲོད་ཐོག་ལས་ སྤྱོད་བཅུག་དོ་ཡོདཔ་ད་ ད་རུང་ ཁྲིམས་ལས་འགལ་བ་ཅིན་ ཡངས་ཆག་མེད་པར་ ཆོག་ཐམ་ཆ་མེད་གཏངམ་ཨིན་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཐིམ་ཕུག་ཀ་ལབ་ཀྱི་ཇོ་བདག་ པདྨ་རྡོ་རྗེ་གིས་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ དབང་འཛིན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཇོ་བདག་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གིས་ ལམ་ལུགས་ལས་འགལ་བའི་ལཱ་ཅིག་ ག་ཅི་ཡང་འབད་འབདཝ་བཟུམ་ཅིག་མེད་ཟེར་ སླབ་ཨིན་པས།
པདྨ་རྡོ་རྗེ་གིས་ བཤད་མིའི་ནང་ ཐིམ་ཕུག་ཀ་ལབ་ཀྱི་ཐད་ཁར་ དབང་འཛིན་གྱིས་ ཆོག་ཐམ་བྱིན་པའི་སྐབས་ འཁོད་དེ་ཡོད་མི་ དུས་ཚོད་དེ་དང་འཁྲིལ་ ཞབས་ཁྲའི་ལས་རིམ་ཚུ་ མཇུག་བསྡུ་དོ་ཟེར་ཨིན་པས།
ཨིན་རུང་ ཚོང་མགྲོན་པའི་ཐད་ཁར་ ལ་ལོ་ཅིག་གིས་ ཆང་འཐུང་འཕྲོ་སྦེ་ཡོདཔ་ལས་ ཆང་ཕྱེད་ཀ་བཀོག་བཞག་སྟེ་ ཕྱི་ཁར་འཐོན་སོང་ཟེར་ སླབ་ས་མེདཔ་ལས་ ཆང་འཐུང་ཚར་ཚར་ཅིག་ བསྒུག་ཞིནམ་ལས་ གཏང་དོ་ཟེར་ཨིན་པས།
ཁོང་གི་ཚོང་འབྲེལ་དེ་ ཚོང་མགྲོན་པ་ཚུ་ལུ་བརྟེན་ཏེ་ སྡོད་དགོ་མི་ཅིག་འབདཝ་ལས་ བློ་སྲ་ཀྲག་སྦེ་ སླབ་ཐབས་མིན་འདུག་ཟེར་ཨིན་པས།
དུས་ཚོད་ཀྱི་ཐད་ཁར་ ཁོང་ར་ སྤྲོ་སྟོན་ཁང་ཚུ་གིས་ཡང་ ག་དེ་དྲག་དྲག་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ར་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
དེ་ལས་ སྒྲ་དབྱངས་བཟུམ་སྦེ་ འདུག་ཟེར་སླབ་མི་དེ་ལུ་ ངོས་ལེན་མེད་མི་དེ་ཡང་ སྒྲ་དབྱངས་གཞན་ནང་བཟུམ་སྦེ་ ཞབས་ཁྲ་རྐྱབ་མི་ཚུ་གིས་ ཏི་རུ་བསྡུ་ནི་ལ་སོགས་པ་ ག་ཅི་ཡང་ མེདཔ་མ་ཚད་ ཆོག་ཐམ་དང་འཁྲིལ་ཏེ་ བུམོ་ཚུ་གིས་ དངོས་སུ་སྦེ་ ཞབས་ཁྲ་སྟོན་ཐོག་ལས་ ལྟདམོ་སྟོན་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྲོ་སྟོན་ཁང་མང་ཤོས་ཅིག་གིས་ ནུབ་མོའི་ཆུ་ཚོད་༩:༣༠ དེ་ཅིག་ལས་ སྒོ་ཕྱེས་ཞིནམ་ལས་ ཆུ་ཚོད་༡༡ ལུ་ སྒོ་བསྡམ་དགོཔ་འབདཝ་ད་ འོང་འབབ་བཟོ་ནི་གི་ དཀའ་ངལ་ཡོདཔ་ལས་ དབང་འཛིན་གྱིས་འབད་རུང་ ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
ཐིམ་ཕུག་ཀ་ལབ་ནང་ ན་གཞོན་༢༣ ལུ་ ལཱ་གཡོག་བྱིན་ཏེ་ཡོདཔ་ལས་ ཀ་ལབ་དེ་ སྒོ་བསྡམ་བཞག་པ་ཅིན་ ན་གཞོན་ཚུ་གི་ ལཱ་གཡོག་ལུ་ཡང་ ཐོ་ཕོག་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *