སྤྱིར་སྙོམས་འཛོམས་འདུའི་ནང་ ཚོགས་རྒྱན་བཙུགས་མི་མངམ་གིས་ བཅའ་མར་གཏོགས་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ ཚབས་ཅན་ཅིག་ལུ་གྱུར་ཡོད་རུང་ ཁ་ཙ་ སྤྱིར་སྙོམས་འཛོམས་འདུའི་ནང་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ལས་ པདྨ་དགའ་ཚལ་ ངང་ལམ་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུའི་ནང་ བཅའ་མར་གཏོགས་མི་ འདེམས་ངོ་༢ སེམས་དགའ་ནུག།

ཁ་ཙ་ བདེ་ཆེན་གླིང་རྒེད་འོག་ ཁོ་ལོམ་རི་དང་ འུང་ཆི་ལོའི་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འཛོམས་འདུའི་ནང་ མི་༥༠ ལྷགཔ་ཅིག་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ དེ་དང་གཅིག་ཁར་ དུས་མིན་བཙག་འཐུའི་ སྤྱིར་སྙོམས་འཛོམས་འདུ་དེ་ཡང་ མཇུག་བསྡུ་ཡི།

འཛོམས་འདུའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་རྡོ་རྗེ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རིན་ཆེན་དཔལ་བཟང་༢ ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ རྒྱལ་ཁབ་ནང་ མི་སེར་ཕན་ཐོགས་ཚུགས་པའི་ འདེམས་ངོ་བཙག་འཐུ་འབད་ཐབས་ལུ་ དེ་བཟུམ་མའི་ འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་ཐོག་ ཁས་བླངས་གསལ་བསྒྲགས་ཚུ་ ཉན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

རིན་ཆེན་དཔལ་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ སྨན་ཁང་གཞི་བཙུགས་འབད་ནི་དང་ སྐྱེ་མའི་འཐུས་བྱིན་ནི་ དེ་ལས་ ཁྱིམ་གུང་རེ་ལུ་ སྣུམ་འཁོར་ཐོབ་སྐལ་ ཀོ་ཊ་བྱིན་ནི་ལ་སོགས་པའི་ ཁས་བླངས་༡༠༠ དེ་ཅིག་ ད་ལྟོ་ཡང་ འགྲུབ་མ་ཚུགསཔ་ལས་ ཁོང་གིས་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་ཚུགས་ག་ མི་ཚུ་གིས་ ཧ་གོ་དགོཔ་ཁག་ཆེ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལྡོག་ཕྱོགས་ཚོགས་པ་གིས་ འགན་ཁུར་དེ་ དགག་བཤེར་དང་ཚད་མཉམ་ཐོག་ གཞུང་སྐྱོང་ཚོགས་པ་གིས་ ཁས་བླངས་འབད་མི་ཚུ་ འགྲུབ་བཅུག་ནི་དེ་ཨིནམ་ལས་ སྤྱི་ཚོགས་ནང་ ལྡོག་ཕྱོགས་དེ་ཡང་ གཞུང་སྐྱོང་ཚོགས་བཟུམ་སྦེ་ འདྲན་འདྲ་སྦེ་ར་ ཁག་ཆེ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཁོ་རང་ བཙག་འཐུ་འགྲུབ་པ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་ ཚེ་འདས་ཆོས་གྲགས་རྒྱ་མཚོའི་ ཁས་བླངས་ཚུ་ འཕྲོ་མཐུད་འགྲུབ་ནི་དང་ སོ་ནམ་པ་ཚུ་གིས་ ཤོག་སྒམ་རྐྱབ་ཐོག་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་ནང་ ཕན་ཐོགས་འབྱུང་ནིའི་དོན་ལས་ ངང་ལམ་ལུ་ དོ་ཕབ་སྐྱེལ་ས་ཁོངས་ཅིག་ གཞི་བཙུགས་འབད་ནི་ཟེར་ཨིནམ་ད་ དེ་གིས་ ལཱ་གཡོག་གི་གོ་སྐབས་ཡང་ བཟོ་ཚུགས་ཟེར་ཨིན་པས།

འཐུང་ཆུའི་དཀལ་ངལ་ལ་སོགས་པ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ རྒྱལ་ཡོངས་དམིགས་བསལ་གཙོ་རིམ་ལས་རིམ་ཚུ་ཡང་ འབག་འོང་ནི་ཨིནམ་ད་ ཁོ་རང་ ལོ་༡༣ དེ་ཅིག་ སོ་ནམ་ལས་ཁུངས་ནང་ ལཱ་འབད་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ འདེམས་ཁོངས་ནང་ སོ་ནམ་དང་འབྲེལ་བའི་ལས་སྣ་ཚུ་ གོང་འཕེལ་གཏང་ནི་ཨིནམ་བཞིན་དུ་ ཁོང་རང་ བདེ་ཆེན་གླིང་རྒེད་འོག་ནང་ མི་སྡེའི་ལས་སྣ་ཚུ་ནང་ བཅའ་མར་གཏོགས་ཏེ་ར་ཡོད་ཟེར་ རིན་ཆེན་དཔལ་བཟང་གིས་ བཤདཔ་ཨིན་པས།

ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ཀྱི་ དུས་མིན་བཙག་འཐུ་དེ་ ཚོགས་པའི་དོན་ལུ་མེན་པར་ རྒྱལ་ཁབ་དང་ འདེམས་ཁོངས་ནང་ ཕྱག་ལེགས་ཤོམ་ཞུ་ཐོག་ ཕན་ཐོགས་ཚུགས་པའི་ འདེམས་ངོ་བཙག་འཐུའི་འབད་ནིའི་དོན་ལུ་ འདེམས་ཁོངས་ཀྱི་ མི་སེར་ཚུ་གི་ བཙག་འཐུ་བཟུམ་ཅིག་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཐིམ་ཕུག་དང་ མོང་སྒར་ དགེ་ལེགས་ཕུག་གི་ སྨན་ཁང་ཚུ་ནང་ སྨན་བཅོས་ཞབས་ཏོག་ཚུ་ ལེན་པར་འགྱོ་ནིའི་ནང་ ཟད་འགྲོ་གཏང་མ་ཚུགས་པའི་ གདོང་ལེན་བྱུང་མི་ འདེམས་ཁོངས་ཀྱི་མི་ཚུ་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལས་ ངང་ལམ་ལུ་ གློག་པར་དང་ ཨེན་ཌོསི་ཀོ་པི་ལ་སོགས་པའི་ ཞབས་ཏོག་དང་ ཉལ་ཁྲི་༥༠ འབད་མི་ སྨན་ཁང་ཅིག་ཡང་ གཞི་བཙུགས་འབད་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བདེ་ཆེན་གླིང་རྒེད་འོག་ནང་ འཐུང་ཆུའི་དཀའ་ངལ་སྦོམ་ཡོདཔ་ལས་ གཞུང་གིས་ རྒྱལ་ཡོངས་ནང་ འཐུང་ཆུའི་དཀའ་ངལ་བསལ་ནིའི་དོན་ལུ་ ཆུའི་དམིགས་བསལ་གཙོ་རིམ་ལས་རིམ་ནང་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ བཞག་མིའི་ཐོག་ལས་ རྒེད་འོག་ནང་ ཆུའི་དཀའ་ངལ་དེ་ སེལ་ཐབས་འབད་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ འདེམས་ཁོངས་ནང་ འཁོར་ལམ་མང་ཤོས་ཅིག་ར་ འགྲོ་འགྲུལ་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ རྒེད་འོག་ལྟེ་བ་དང་ སོ་ནམ་ཞིང་ལམ་ཚུ་ རྒྱ་སྐྱེད་འབད་དེ་ རྩི་ནང་གཏང་ནི་ཨིནམ་མ་ཚད་ སོ་ནམ་ཞིང་ལམ་གསརཔ་བསལ་ནིའི་ ཁས་བླངས་ཡང་འབད་དོ་ཟེར་ ཀརྨ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་ལུ་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལས་ ཕན་ཐོགས་འབྱུང་ཐབས་ལུ་ ངང་ལམ་ལུ་ སོ་ནམ་ལས་འཛིན་ཅིག་ཡང་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ དེ་ནང་ ཐོན་སྐྱེད་ཚུ་བཞག་ནིའི་ བསིལ་ཁྱིམ་གྱི་་ ཞབས་ཏོག་ཚུ་ཡང་ འཐོབ་ཟེར་ཨིནམ་ད་ གོང་འཕེལ་གྱི་ལས་སྣ་ ལེ་ཤ་འབད་ནིའི་དོན་ལུ་ གཞུང་སྐྱོང་ཚོགས་པ་ལུ་ར་ ཁེ་ཕན་ཡོད་ཟེར་ཨིན་པས།

ཚོགས་རྒྱན་བཙུགས་མི་ཚུ་གིས་ སླབ་མིའི་ནང་ ཚོགས་པ་དང་ འདེམས་ངོ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ ཤེས་དགོ་པ་ཅིན་ སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ ད་རེས་ ཁོང་གིས་ འདེམས་ངོ་༢ ཆ་རའི་ ཁས་བླངས་ཚུ་ ཤེས་རྟོགས་བྱུང་ཡོད་རུང་ འདེམས་ངོ་ལེགས་ཤོམ་ཅིག་ བཙག་འཐུ་འབད་ནི་ལུ་ སེམས་དྲནམ་བཏོན་ཏེ་ ཚོགས་རྒྱན་བཙུགས་དགོཔ་དེ་ཡང་ ཁག་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *